དབུ་ཤོག>གསར་འགྱུར།
  • ལམ་ལུགས་གསར་འཛུགས་དང་སྒྲིག་ཁྲིམས་ལག་ལེན་བསྟར་ཏེ་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-06-17

    “ནན་གསུམ་དྲང་གསུམ”ལག་ལེན་བསྟར་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་དག་ཐེར་དོན་འཁྱོལ་དང་། ལམ་ལུགས་གསར་འཛུགས། སྒྲིག་ཁྲིམས་ལག་བསྟར་བཅས་བྱ་རྒྱུར་མཐོང་ཆེན་བྱས་ནས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་འཛུགས་དགོས།

    ཞིས་ཅིན་ཕིང་གིས་བཏོན་གནང་བའི“ནན་གསུམ་དྲང་གསུམ”གྱི་བླང་བྱའི་ནང་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་ཡོན་ལས་བྱེད་པའི་སྲིད་སྐྱོང་བའི་ལམ་བུ་དང་། དོན་སྒྲུབ་པའི་གནད་འགག མི་ཚུལ་ལྡན་ཞིག་བྱེད་པའི་ཚད་གཞི་བཅས་གསལ་པོར་བསྟན་ཡོད། དེ་ནི་ཏང་གིས་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ནང་གི་རིགས་པའི་གཞུང་ལུགས་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་ཞིག་དང་། ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་བྱེད་ལུགས་བྱེད་སྟངས་ཚད་ལེན་བྱེད་པའི་ཐིག་ཤིང་ལྟ་བུ་ཞིག ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཚད་རྒྱུག་གསར་པ་ཞིག་བཅས་རེད། “ནན་གསུམ་དྲང་གསུམ”བྱེད་དགོས་པ་དེས་ང་ཚོར་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱ་རྒྱུ་ཞེས་པའི་འགག་རྩ་དམ་བཟུང་།“ནན་གསུམ་དྲང་གསུམ”གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བཅས་བྱེད་དགོས། སེམས་སུ་འཇགས་པ་དང་། བྱ་སྤྱོད་ཐོག་ནས་མཚོན་པ། ལམ་ལུགས་སུ་འཁོད་པ་བཅས་ངོ་མ་བྱས་ནས་ཡུན་རིང་བདེ་ལ་འཁོད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་དྲང་ནུས་ཤིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ལམ་ལུགས་ནི་སྤྱི་ཚོགས་འཁོར་སྐྱོད་བྱེད་ཚུལ་ཚད་ལྡན་དུ་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་རྩ་འཛིན་ཞིག་རེད། ཀུན་གྱིས་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ན་གཞི་ནས་སྒྲིག་ལམ་ཡག་པོ་ཞིག་ཡོང་རྒྱུ་ཡིན་པ་སྨོས་ཅི་དགོས། དེས་ན་སྤྱི་ཚོགས་འཁོར་སྐྱོད་བྱེད་པ་དང་། མི་ཚུལ་ལྡན་ཞིག་བྱེད་པ། བྱ་བ་སྣ་ཚོགས་སྒྲུབ་པ་བཅས་ལ་ཚད་གཞི་དགོས་པ་དང་ལམ་ལུགས་ལ་སྣང་ཆེན་བྱེད་དགོས། ཆབ་སྲིད་ལམ་ལུགས་དང་ཏང་གི་སྒྲིག་ཁྲིམས་ནི་ཏང་ཡོན་ཡོངས་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་དང་རྩ་འཛིན་ཞིག་རེད། སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་དང་ལམ་ལུགས་ལ་སྣང་ཆེན་བྱེད་དགོས་པ་ནི་ཏང་ཡོན་ལས་བྱེད་པའི་ཏང་གཤིས་ཀྱི་ཚོད་བགམ་ཆེན་པོ་ཞིག་རེད་ལ་ཏང་ཡོན་ལས་བྱེད་པས་ཏང་ལ་ལྷག་བསམ་རྣམ་དག་བྱས་ཚུལ་ལ་བརྟག་བཤེར་ཞིག་ཀྱང་རེད། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་འབྲེལ་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་དང་། དྭངས་གཙང་རང་བཞིན་རྒྱུན་འཁྱོངས། གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ། དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་འགན་ལེན་གལ་ཆེན་ཞིག་ཏུ་བརྩིས་པས་རང་རེའི་ཏང་འདི་ཉིད་གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་གྱུར་པ་དང་། ཏང་གི་སྲིད་སྐྱོང་གནས་བབ་དང་སྲིད་སྐྱོང་རྨང་གཞི་གཞི་ནས་རྒྱུན་ཆད་མེད་པར་སྲ་བརྟན་བྱུང་བ་ལག་ལེན་ཐོག་ནས་ར་འཕྲོད་བྱུང་ཡོད།

    བསམ་བློ་ནི་བྱ་སྤྱོད་ཀྱི་སྣེ་ཁྲིད་པ་ཡིན་ཞིང་། ལས་བྱེད་པའི་སྤྱོད་ཚུལ་འགྱུར་ལྡོག་བཏང་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་དགོས་ན་དང་ཐོག་ལས་བྱེད་པའི་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་ཕུགས་བསམ་དད་སེམས་བརྟན་དུ་དང་ཆབ་སྲིད་ཀྱི་ཚུགས་ནུས་ཆེ་རུ་གཏོང་དགོས། “ནན་གསུམ་དྲང་གསུམ”གྱི་བླང་བྱ་གཞིར་བཟུང་སློབ་གསོ་གཏོང་སྟངས་སྣ་ཚོགས་སྤྱད་དེ“སེམས་གཏིང་ནས་གསར་བརྗེ”བྱས་ནས་བསམ་བློའི་ཐད་རྡུལ་འཕྱག་དང་། ཉོབ་བསང་། བཅུད་གསབ་བཅས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལམ་ལུགས་ཡང་ཡང་ཤོད་པ་དང་། རྒྱུན་དུ་ཤོད་པ། ལག་ལེན་མཐའ་གཅིག་ཏུ་བསྟར་བ་བཅས་བྱ་དགོས། ཆེད་དོན་སློབ་གསོ་བརྒྱུད་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྒྲིག་ལམ་དང་ལམ་ལུགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། མཐའ་ཚད་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ། “ཁྲིམས་ཀྱིས་དབང་སྐུར་མེད་པ་བྱེད་མི་རུང་བ་དང་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ངེས་པར་དུ་སྒྲུབ་དགོས་པ”རང་རྟོགས་ངང་བྱེད་ཐུབ་དགོས་པ་བཅས་ཀྱི་ཁྲིད་སྟོན་ཏན་ཏིག་བྱས་ནས་ཆབ་སྲིད་ལམ་ལུགས་དང་ཏང་གི་སྒྲིག་ཁྲིམས་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་བརྩི་སྲུང་ཞུ་ཡུལ་གྱི“གློག་སྒྲོན་དམར་ལྗང”དང་བརྒལ་མི་རུང་བའི“གློག་ཆེན”ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས།

    སློབ་གསོ་གཏོང་བ་ནི་གནད་དོན་ཐག་གཅོད་བྱེད་པའི་ཆེད་དུ་ཡིན་པ་དང་གནད་དོན་ཐག་གཅོད་ཐུབ་ན་སློབ་གསོ་ཡག་ཤོས་ཡིན་ཞིང་། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏོང་རིང་ལམ་ལུགས་འཛུགས་སྐྱོང་བྱས་ནས་ཕན་པ་ཡུན་རིང་ཐོན་རྒྱུ་མཐའ་འཁྱོངས་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ནི་ཡུན་རིང་གི་དམག་འཐབ་ཅིག་ཡིན། གཞན་གྱིས་གཅུན་སྡོམ་བྱེད་དགོས་ལ་རང་གིས་རང་ལ་དེ་བས་ཀྱང་གཅུན་སྡོམ་བྱེད་དགོས་པ་དང་། ལམ་ལུགས་ཀྱི་ཕྱོགས་སྟོན་དགོས་ལ་རིན་ཐང་ལྡན་པའི་སྟོན་ཕྱོགས་དེ་བས་ཀྱང་དགོས། གནད་དོན་ཕྱོགས་སྟོན་ལ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་འཚོལ་རྒྱུ་ནས་དམ་འཛིན་བྱེད་དགོས་པ་དང་གནད་དོན་མི་གློད་པར་དམ་པོར་བཟུང་དགོས། སྐྱོན་ཆ་གང་ཞིག་ཡོད་ན་དེ་གསབ་པ་དང་གནད་དོན་གང་ཞིག་ཡོད་ན་དེ་ཐག་གཅོད་བྱེད་དགོས། གནད་དོན་ཞིབ་ཐོ་བཀོད་དེ་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པའི་ཐོག་དུས་ཀྱི་སྐྱོན་ཆར་དམིགས་ཏེ་རེ་རེ་བཞིན་དག་ཐེར་དང་ཆེད་དོན་བཅོས་སྒྲིག་བྱེད་དགོས། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ལམ་ནན་དུ་བཏང་ནས“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

    ངན་རེངས་རང་བཞིན་དང་བསྐྱར་ལོག་རང་བཞིན་ལྡན་པའི་སྤྱོད་ཚུལ་གྱི་གནད་དོན་ལྷུག་པོར་གློད་ན་གནད་དོན་བསྐྱར་དུ་ཐོན་སླ་པོ་ཡོད། ཁྱོན་ཡོངས་རང་བཞིན་དང་བརྟན་པོའི་རང་བཞིན་ལྡན་པའི་ལམ་ལུགས་དེས་རྩ་བར་དོ་དམ་དང་ཕུགས་ཡུན་ལ་དམ་འཛིན་བྱེད་ཀྱི་ཡོད། དེས་ན་ལམ་ལུགས་འཛུགས་སྐྱོང་ནི་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བའི་རྩ་བའི་འགན་ལེན་ཡིན། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ཞེས་པའི་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་ནི་སྐབས་ཤིག་ལྡང་བའི་རླུང་བུ་མིན་པར་ཡུན་རིང་གི་དམག་འཐབ་ཅིག་ཡིན་པ་མངོན་གྱི་ཡོད། སྤྱོད་ཚུལ་གྱི་གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ལོག་རང་བཞིན་ལྡན་པའི་ཁྱད་ཆོས་ཤེས་རྟོགས་གང་ལེགས་བྱས་ནས་ཡུན་རིང་དམ་འཛིན་དང་། དམ་འཛིན་ཡུན་རིང་། རྒྱུན་དུ་དམ་འཛིན། དམ་འཛིན་རྒྱུན་དུ་བཅས་བྱེད་པའི་བསམ་བློ་བརྟན་པོར་འཛུགས་པ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་འབུར་དུ་ཐོན་པར་བྱེད་པ། དངོས་སྤྱོད་གོ་ཆོད་ཀྱི་ལམ་ལུགས་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ལམ་ལུགས་ཞེས་པའི་རླུང་ཙི་དེ་རྒྱུན་ཆད་མེད་པར་བརྟན་དུ་དང་དམ་ཚགས་སུ་གཏོང་དགོས།

    ལམ་ལུགས་ཀྱི་གསོན་ཤུགས་ཆེ་ཆུང་དེ་ལག་བསྟར་ལ་ཐུག་ཡོད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོར་སྐུལ་འདེད་གཏོང་རིང“ནན་གསུམ་དྲང་གསུམ”གྱི་གནད་དོན་ལ་དམིགས་ཏེ་ལམ་ལུགས་འཛུགས་དགོས་པ་མ་ཟད། ད་དུང་འགྱུར་མེད་ལག་བསྟར་བྱེད་ཤུགས་ཀྱང་ཆེ་རུ་བཏང་ནས་ལམ་ལུགས་ཀྱིས་གཅུན་སྡོམ་གྱི་ནུས་པ་དངོས་ཐོན་པ་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་དབང་ཆ་གང་བྱུང་དུ་སྤྱོད་རྒྱུ་གཏན་འགོག་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པར་རང་གནས་གཞིར་བཟུང་མི་ཚུལ་ལྡན་ཞིག་བྱ་རྒྱུ་དང་རང་འགན་གཞིར་བཟུང་བྱ་བ་བསྒྲུབ་རྒྱུའི་ལྕག་སྐུལ་བྱེད་པ། སློབ་གསོ་དང་། ལམ་ལུགས། ལྟ་སྐུལ། ཆད་གཅོད་བཅས་གལ་ཆེ་མཉམ་འཇོག་གི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པ་བཅས་བྱས་ནས“ནན་གསུམ་དྲང་གསུམ”བྱེད་དགོས་པའི་བླང་བྱ་ལམ་ལུགས་ཅན་དང་། རྒྱུན་རྣམ་ཅན། ཕུགས་ཕན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

    ལམ་ལུགས་གསར་འཛུགས་བྱ་རྒྱུ་དང་། སྒྲིག་ཁྲིམས་ལག་ལེན་བསྟར་རྒྱུ། ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་སྲུང་སྐྱོང་བྱ་རྒྱུ་བཅས་ཀྱི་འགག་རྩ་དེ་འགོ་ཁྲིད་ལས་བྱེད་པར་ཐུག་ཡོད། དེས་ན་ངེས་པར་དུ་འགོ་ཁྲིད་ལས་བྱེད་པ་ཞེས་པའི་འགག་རྩར་གྱུར་པའི་ཉུང་ཤས་ནས་དམ་འཛིན་བྱེད་འགོ་འཛུགས་དགོས། དེ་འདྲ་བྱས་ན“ནན་གསུམ་དྲང་གསུམ”གྱི་བླང་བྱ་སེམས་སུ་འཇགས་པ་དང་། བྱ་སྤྱོད་ཐོག་ནས་མཚོན་པ། ལམ་ལུགས་སུ་འཁོད་པ་བཅས་ངོ་མ་བྱུང་ནས་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཀྱི་བསམ་བློའི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་དང་སྒྱུར་འཕེལ་བརྟན་གསུམ་གྱི་དྲང་ནུས་གཅིག་ཏུ་འགྲིལ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།