དུས་ཡུན་ངེས་ཅན་སོང་བ་ནས་བཟུང་ས་ཆ་ལ་ལར་ཕྱི་ཚུལ་བསྒྱུར་བའི“དཔོན་གནས་སུ་འཁོད་ཀྱང་ལས་དོན་མི་བསྒྲུབས་པའི”སྣང་ཚུལ་ཐོན་པར་ལས་རིགས་ཁག་གིས་དོ་ཁུར་བྱེད་ཀྱི་ཡོད། ཀྲུང་དབྱང་ནས་ས་གནས་བར“དཔོན་གནས་སུ་འཁོད་ཀྱང་ལས་དོན་མི་བསྒྲུབས་པའི”སྣང་ཚུལ་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ལུགས་ཐེངས་མང་བཏོན་ཡོད། དེ་ནི་རིམ་ཁག་ཏང་ཡོན་ལས་བྱེད་པར་མཚོན་ན་ཉེན་བརྡ་དང་སྐུལ་ལྕག་ཅིག་རེད།
ལས་བྱེད་པ་རེ་ཟུང་གིས“དཔོན་གནས་སུ་འཁོད་ཀྱང་ལས་དོན་མི་བསྒྲུབས་པས”ཁོ་ཚོའི་དབང་ཆའི་ལྟ་ཚུལ་དང་སྲིད་ཀྱི་བྱས་རྗེས་ཀྱི་ལྟ་ཚུལ་ཐད་ཀྱི་ཞན་ཆ་མངོན་ཡོད། ཁོ་ཚོས“དམངས་ཆེད་དབང་ཆ་སྤྱོད་པ་དང་། དམངས་ལ་བརྩེ་སེམས་འཆང་བ། དམངས་ཆེད་ཁེ་ཕན་སྒྲུབ་པའི”བླང་བྱ་དེ་སེམས་གཏིང་དུ་བཞག་མེད་པར་དཔོན་པོ་ཙམ་བྱེད་པ་ལས་ལས་དོན་བསྒྲུབ་མི་འདོད་པ་དང་། དབང་ཆ་འཛིན་པ་ཙམ་ལས་འགན་འཁྲི་འཁུར་མི་འདོད་པ། གཟི་ཉམས་མངོན་པ་ལས་ནུས་ཤུགས་འདོན་མི་འདོད་པ་བཅས་རེད། ངེས་པར་དུ་གསལ་པོར་རྟོགས་དགོས་པ་ནི“དཔོན་གནས་སུ་འཁོད་ཀྱང་ལས་དོན་མི་བསྒྲུབས་པའི”སྣང་ཚུལ་དེ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་དང་རྒྱབ་འགལ་དུ་གནས་པས་དེའི་གནོད་འཚེའི་རང་བཞིན་ལ་སྣང་ཆུང་བྱེད་མི་རུང་། “དཔོན་གནས་སུ་འཁོད་ཀྱང་ལས་དོན་མི་བསྒྲུབས་པའི”སྣང་ཚུལ་ངན་པ་གང་སར་མཆེད་ན་སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ལ་གནོད་པ་དང་ལས་བྱེད་པའི་དཔུང་ཁག་གཟུགས་བརྙན་ཡང་རྫས་ངེས་པ་མ་ཟད། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་དང་འཕེལ་རྒྱས་སྒྱུར་བཅོས་ཀྱི་ཇུས་ཆེན་ལ་དེ་བས་ཀྱང་ཤུགས་རྐྱེན་ངན་པ་ཐེབས་སྲིད།
“དཔོན་གནས་སུ་འཁོད་ཀྱང་ལས་དོན་མི་བསྒྲུབས་པའི”སྣང་ཚུལ་བཅོས་སྒྲིག་བྱེད་པར་བསམ་བློའི་ཐད་མཐོང་ཆེན་བྱེད་དགོས་ལ་ལམ་ལུགས་ཀྱི་གཅུན་སྡོམ་དང་རྒྱུན་གཏན་གྱི་ལྟ་སྡོམ་ཁྲོད་དོན་འཁྱོལ་བྱ་རྒྱུར་དེ་བས་ཀྱང་དམ་འཛིན་བྱེད་དགོས། ཐོག་མར་ཏང་ཡོན་ལས་བྱེད་པའི་དབང་ཆའི་རྩིས་ཁྲ་དང་། གོ་རིམ་གྱི་རྩིས་ཁྲ། འགན་འཁྲིའི་རྩིས་ཁྲ་བཅས་ཀྱི་སྲིད་འཛིན་དབང་ཆའི་འཁོར་སྐྱོད་ལམ་སྲོལ་འཛུགས་པ་དང་ཁྱབ་གདལ་དུ་བཏང་ནས་ཁག་དཀྲི་ས་ཆུང་དུ་གཏོང་བ་དང་སྲིད་འཛིན་ནུས་ཕྱོད་ཆེ་རུ་གཏོང་དགོས་པ་དང་། དེ་ནས་སྲིད་རྗེས་ཀྱི་དཔྱད་ཞིབ་དང་ལས་བྱེད་པའི་གདེང་འཇོག་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་ཧུར་བརྩོན་ཅན་བསྐོ་གཞག་དང་སྒྱིད་ལུག་ཅན་གནས་དབྱུང་གཏོང་རྒྱུར་སྐུལ་ལྕག་གཏོང་དགོས།