དབུ་ཤོག>གསར་འགྱུར།
  • སྐྱིད་གྲོང་རྫོང་སྐྱིད་སྦུག་གྲོང་ཚོའི་སྨྱུག་བསླས་མཉམ་ལས་ཁང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-16

    ཉེ་བའི་ལོ་ཤས་ནང་། དམངས་གཅེས་མཐའ་བརྟན་འཐབ་ཇུས་ཀྱི་མཛུབ་ཁྲིད་འོག་སྐྱིད་གྲོང་མཐའ་མཚམས་མངགས་གཏོང་ཁང་གིས་སྐྱིད་གྲོང་རྫོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཆ་སྒྲིག་མཉམ་གཏོད་བྱས་ནས་སྐྱིད་སྦུག་གྲོང་ཚོའི་གྲོང་མིར་ཕྱུག་འགྱུར་གྱི་ལམ་བུ་ཧུར་ཐག་བཏོད་པ་རེད། མཉམ་གཏོད་ཚོགས་ཆུང་གིས་གྲོང་ཚོ་དེར་ཕུན་སུམ་ཚོགས་པའི་སྨྱུག་མའི་ནགས་ཚལ་གྱི་ཐོན་ཁུངས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་སྨྱུག་བསླས་ལག་རྩལ་ཡོད་པའི་དོན་དངོས་ལ་དམིགས་ནས་གྲོང་ཚོའི་སྨྱུག་བསླས་མཉམ་ལས་ཁང་བཙུགས་ཏེ་གྲོང་མིར་ཞིང་དལ་དུས་ཚོད་བེད་སྤྱོད་གང་ལེགས་བྱེད་དུ་བཅུག་པ་དང་སྨྱུག་བསླས་ཐོན་རྫས་བཟོ་རུ་བཅུག་པས་ཕྱིར་ཐོན་མི་དགོས་པར་ཚང་མར་འབབ་འཕར་ཡོང་ཐུབ་པ་བྱུང་བ་རེད། ཉེན་རྟོག་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་སྐྱིད་སྦུག་གྲོང་ཚོ“དམངས་གཅེས་མཐའ་བརྟན་གྱི་དཔེ་སྟོན་གྲོང་ཚོར”བདམས་པ་དང་ད་ཆའི་སྐྱིད་སྦུག་གྲོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་དུ་སྙན་གྲགས་ཀུན་ཏུ་ཁྱབ་པའི་དུས་བདེའི་གྲོང་ཚོ་དང་། ཞི་མཐུན་གྲོང་ཚོ། ཤེས་དཔལ་གྲོང་ཚོར་གྱུར་ཡོད།

    སྐྱིད་སྦུག་གྲོང་ཚོ་ནི་ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཀྱི་དཔེ་མཚོན་མཐའ་མཚམས་གྲོང་ཚོ་ཞིག་ཡིན་པ་དང་། རྒྱབ་ཏུ་རི་དང་མདུན་ལ་ཆུ་དང་ས་བབ་མཐོ་ཚད་སྨི་2700ཟིན་པས་དམིགས་བསལ་གྱི་ས་མཐོའི་རོང་སའི་དུས་རླུང་གནམ་གཤིས་ལས་ས་ཆ་དེར་ཕུན་སུམ་ཚོགས་པའི་སྔོ་ཁེབས་ཐོན་ཁུངས་ཤིག་གཏོད་ཡོད།

    གྲོང་མིའི་རྗེས་ལུས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་ཕྱུག་འགྱུར་ནུས་པ་ཆེ་རུ་གཏོང་ཆེད་སྐྱིད་གྲོང་མཐའ་མཚམས་མངགས་གཏོང་ཁང་གི་ཏང་ཀྲི་པུའུ་ཡིས་རང་འགུལ་ངང་གྲོང་ཚོའི་ཀྲི་པུའུ་དང《ཀྲི་པུའི་མཉམ་གཏོད་གྲོས་མཐུན》བཞག་པ་དང་ཏང་ཡོན་རྐང་འཛིན་མི་སྣ་སྐོང་འཐེན་བྱས་ནས་ཕྱུག་འགྱུར་གྱི་ཐབས་ཇུས་ཞིབ་འཇུག་བྱས་པ་རེད། དེ་དང་དུས་མཚུངས་མངགས་གཏོང་ཁང་གི་གྲོང་ཚོར་བཅའ་སྡོད་མི་དམངས་ཉེན་རྟོག་པ་དང་གྲོང་དཔོན་གྱིས་འགན་ནུས་འདོན་སྤེལ་གང་ལེཌ་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། གྲོང་མིའི་སྔོན་ཆད་ཀྱི“ངལ་མེད་དབུལ་སྐྱོར”གྱི“སྒུག་རྟེན་སློང”གསུམ་གྱི་བསམ་བློར་འགྱུར་ལྡོག་གཏོང་དགོས་པའི་སློབ་གསོ་རྒྱག་པ། དེ་སྔོན“གྲོང་མིར་དབུལ་སྒྲོལ་བྱེད་དུ་བཅུག་པ”ནས“གྲོང་མིས་དབུལ་སྒྲོལ་བྱེད་བསམ་པའི”འགྱུར་ལྡོག་ཡོང་རྒྱུར་སྣེ་ཁྲིད་བྱས་པ་རེད།

    ས་ཆ་དངོས་སུ་འཚམས་འདྲི་དང་བརྟག་ཞིབ་ཐེངས་མང་བྱས་པ་བརྒྱུད། མངགས་གཏོང་ཁང་དང་གྲོང་ཚོ་ཨུ་ལྷན་ཚན་ཁག་གིས་གྲོང་མི་བརྒྱ་ཆ་དགུ་བཅུ་ཡན་གྱིས་སྨྱུག་བསླས་ལག་རྩལ་ཤེས་ཀྱི་ཡོད་པས་གྲོང་ཚོའི་ཕུན་སུམ་་ཚོགས་པའི་སྨྱུག་མའི་ནགས་ཚལ་ཐོན་ཁུངས་སྤྱད་ཁར་མཉམ་ལས་ཁང་བཙུགས་ཚེ་གྲོང་མི་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་ཐུབ་པ་ཤེས་རྟོགས་བྱུང་བ་དང་འཆར་འགོད་དེར་ས་གནས་དེའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་ཁས་ལེན་མགྲིན་གཅིག་ཏུ་ཐོབ་ཡོད་པ་རེད།

    2012ལོའི་ཟླ་4ཚེས་16ཉིན། “སྨྱུག་བསླས་མཉམ་ལས་ཁང”དེ་སྐྱིད་སྦུག་གྲོང་ཚོར་སྒོ་བྱང་བཀལ་ནས་བཙུགས་པ་རེད། སྐྱིད་གྲོང་མཐའ་མཚམས་མངགས་གཏོང་ཁང་གིས་ཕྱོགས་གཅིག་ནས་མཉམ་ལས་ཁང་ལ་ས་ཆ་འཚོལ་རོགས་དང་། སྒྲིག་བཀོད་ཉོ་སྒྲུབ། མཉམ་ལམ་ཁང་གི་དོ་དམ་ལམ་ལུགས་དང་གཉེར་སྐྱོང་འཆར་གཞི་བཟོ་རོགས་བྱེད་པ་དང་ཕྱོགས་གཞན་ཞིག་ནས་རིགས་གཅིག་མཁས་ཅན་གདན་དྲངས་ནས་མཉམ་ལས་ཁང་གི་ལག་རྩལ་བློ་འདྲིའི་འགན་འཁུར་དུ་བཅུག་པ་རེད། རིགས་གཅིག་མཁས་ཅན་གྱིས་མིག་སྔའི་ཁྲོམ་རའི་སྨྱུག་བསླས་ཐོན་རྫས་འཕེལ་ཕྱོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་བསླས་འཐག་ལག་རྩལ་ཐད་མཉམ་ལས་ཁང་གི་ཁོངས་མི་དང་གྲོང་མིར་ལག་རྩལ་གྱི་ཁྲིད་སྟོན་གཏིང་ཟབ་བྱས་པས་དུས་ཚོད་རིང་པོ་མི་འགོར་བར་གྲོང་མིས་ཤིང་ཏོག་སི་ར་དང་སྨྱུག་གདན་སོགས་བཟོ་དབྱིབས་ལེགས་པའི་སྨྱུག་བསླས་ཐོན་རྫས་བཟོ་ཤེས་པ་བྱུང་ཡོད།

    ཐོན་རྫས་བཟོ་བའི་གནད་དོན་ཐག་གཅོད་བྱས་རྗེས་ཐོན་རྫས་བྲིན་ཚོང་བྱ་རྒྱུ་དེ་སྐྱིད་སྦུག་གྲོང་ཚོའི་གྲོང་མིའི་ཕྱུག་འགྱུར་ལམ་བུའི་ཐོག་གི“འགག་གནད”དུ་གྱུར་ཞིང་། མངགས་གཏོང་ཁང་གིས་སྨྱུག་བསླས་ཁྲོམ་རའི་གནས་ཚུལ་ཤེས་རྟོགས་ཧུར་ཐག་བྱེད་པ་དང་ཆེད་མི་བཀོད་སྒྲིག་གིས་ལྷ་ས་དང་གཞིས་རྩེ་སོགས་སུ་ཁྲོམ་རའི་གནས་ཚུལ་ཤེས་རྟོགས་བྱེད་པར་མངགས་པ་རེད། དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་གཏུག་བྱས་ནས་གཞིས་རྩེ་གྲོང་ཁྱེར་དུ“སྐྱིད་གྲོང་གི་ཁྱད་ལྡན་ཐོན་རྫས་ཚོང་ཁང”བཙུགས་པ་དང་འབྲེལ་ལྷ་ས་པའེ་དབྱི་ཚོགས་པར་སྐྱིད་སྦུག་གི་སྨྱུག་བསླས་ཐོན་རྫས་འོས་སྦྱོར་བྱས་ཡོད། ཕྱིར་ཚོང་ཐབས་ལམ་མང་པོ་བཏོད་པ་དང་ཆབས་ཅིག་སྨྱུག་བསླས་ཐོན་རྫས་མངགས་ཉོ་བྱེད་མཁན་མང་དུ་ཕྱིན་པ་མ་ཟད། ཐོན་རྫས་བྲིན་པོ་བྱུང་ནས་ཧྲེ་ཡོན་གྱི་ཡོང་འབབ་རྒྱུན་མཐུད་འཕར་ཡོད་པ་རེད།

    སྐྱིད་སྦུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཀྱིས་ད་ཆ་གྲོང་ཚོའི་ནང་གྲོང་མི་ཚང་མས་སྨྱུག་བསླས་ལས་ལ་གཞོལ་བ་མ་ཟད། ད་དུང་ཉེ་འཁོར་གྱི་ས་ལེབ་གྲོང་ཚོ་དང་ཅང་གྲོང་ཚོའང་སྨྱུག་བསླས་ལས་རིགས་ནང་ཞུགས་རྒྱུར་སྣེ་ཁྲིད་བྱས་པ་དང་ད་ཆ་སྨྱུག་བསླས་ལས་ཞུགས་མི་སྣ་400ལས་བརྒལ་བ་དང་སྨྱུག་བསླས་དེ་གྲོང་ཚོའི་ཚ་རླབས་ཤིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2012ལོའི་ལོ་མཇུག་བར་སྐྱིད་སྦུག་གྲོང་ཚོས་ཐོན་སྐྱེད་བྱས་པའི་སྨྱུག་བསླས་ཐོན་རྫས་སྣ་ཁ་8000ལྷག་ཙམ་ཡོད་པ་དག་ལྷ་ས་དང་། ཁྲེང་ཏུའུ། ཟི་ལིང་། ལན་ཀྲོའུ་སོགས་གྲོང་ཁྱེར་དུ་ཕྱིར་ཚོང་བྱས་པ་མ་ཟད། ད་དུང་ནེ་པ་ལར་ཕྱིར་ཚོང་བྱས་པས་སྐྱིད་སྦུག་གྲོང་ཚོར་དཔལ་འབྱོར་རིན་ཐང་སྒོར་ཁྲི་12ལྷག་ཙམ་བཏོད་པ་དང་ཧྲེ་ཡོན་གྱི་ཡོང་འབབ་དུས་མཚུངས་ལས་300%མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།