དབུ་ཤོག>གསར་འགྱུར།
  • ནག་ཆུས་ཧང་ཀྲུའུ་གྲོང་ཁྱེར་དུ་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཁང་བཙུགས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-06-15

    ནག་ཆུའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཁང་ཉིན་ཤས་གོང་ཧང་ཀྲུའུ་གྲོང་ཁྱེར་དུ་བཙུགས་པ་དང་།  ཉེ་འཆར་ནག་ཆུའི་སེར་ཤ་འཚོང་གི་ཡོད་པ་དང་སླད་ཕྱིན་དབྱར་རྩྭ་དགུན་འབུ་དང་གངས་ལྷ་མེ་ཏོག  སོ་ལོ་དམར་པོ་སོགས་ནག་ཆུའི་ཁྱད་ལྡན་ཐོན་རྫས་དང་།  ནག་ཆུའི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་ཧང་ཀྲུའུ་རུ་བྲིན་འཚོང་བྱེད་རྒྱུ་རེད།

    ཀྲེ་ཅང་ཞིང་ཆེན་ཧང་ཀྲུའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་སྣེ་ཁྲིད་པ་ཝང་གཡོས་ཅན་གྱིས་ངོ་སྤྲོད་གནང་བར་གཞིགས་ན།  སེར་ཤ་སྐྱེས་པའི་དུས་ཚོད་ནི་སྤྱི་ཟླ་7པ་དང་8པའི་ནང་ཡིན་པ་དང་།  བྲོ་བ་ཞིམ་ལ་བཅུད་ཆེན་པོ་ཡོད་པ་མ་ཟད་སྤྱི་རྒྱ་རེའི་ནང་སྐྲན་ནད་བཅོས་པའི་གཞི་རྒྱུ་སེ་ཞེས་པ་འདུས་ཚད་ཧའོ་ཁེ་4.1ཟིན་གྱི་ཡོད་པ་རེད།  དེ་སྔོན་ནག་ཆུའི་འབྲོག་པ་མང་ཆེ་བས་མཚོ་བོད་གཞུང་ལམ་རྒྱུད་དུ་སིལ་ཚོང་རྒྱག་གི་ཡོད་རུང་ཕྱི་མིས་སེར་ཤར་རྒྱུས་མངའ་དེ་ཙམ་མེད་པས་རིན་གོང་ཡག་པོ་རགས་ཀྱི་མེད།

    ནག་ཆུའི་སེར་ཤ་དེ་ཐོན་ལས་ཅན་དུ་གཉེར་སྐྱོང་བྱས་ནས་འབྲོག་པའི་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་ཆེད།  བོད་སྐྱོར་ལས་དོན་རུ་ཁག་གིས་ཆེད་མངགས་ཀྲེ་ཅང་ནས་ཤ་མོ་ལས་སྣོན་མཁས་ཅན་གཉིས་གདན་ཞུ་བྱས་ཏེ་འབྲོག་པ་ཚོར་སེར་ཤ་ལས་སྣོན་གྱི་སྦྱོང་བརྡར་སྤྲད་པ་མ་ཟད།  ནག་ཆུ་རྫོང་དེ་ཡོངས་ཀྱི་ཤང་ཁག་ལ་ཉོ་སྒྲུབ་ས་ཚིགས་བཙུགས་ཡོད་པས་ད་ལྟ་འབྲོག་པ་ཚོས་ཉོ་སྒྲུབ་ས་ཚིགས་བརྒྱུད་སེར་ཤ་ཕྱིར་ཚོང་བྱས་ནས་ཡོང་འབབ་སྒོར་སྟོང་ཁ་ལོན་ཙམ་འཕར་སྣོན་བྱུང་ཡོད་པ་རེད།  ཝང་གཡོས་ཅན་གྱིས་གསར་འགོད་པར་དེང་སྐབས་ཧང་ཀྲའུ་ཕྱིར་ཚོང་ཁང་ནས་སེར་ཤ་རྒྱ་མ་རེར་སྒོར་1500རེ་བྱས་ནས་ཚོང་གི་ཡོད་པ་དང་།  བྲིན་ཁ་ཡང་ཧ་ཅང་རྒྱུགས་པོ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།