དབུ་ཤོག>གསར་འགྱུར།
  • མི་དྲང་པོ་ཞིག་བྱེད་པར་བློ་དཀར་དྲང་བདེན་བྱེད་རྒྱུ་གལ་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-14

    དཔོན་པོ་བྱེད་པར་སྔོན་ལ་མི་ཚུལ་ལྡན་ཞིག་བྱེད་པ་དང་། མི་ཚུལ་ལྡན་ཞིག་བྱེད་པར་སྔོན་ལ་ཀུན་སྤྱོད་ཡག་པོ་ཞིག་ཡོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“མི་དྲང་པོ་ཞིག་བྱེད་རྒྱུའི”སྐོར་གྱི་གསུང་བཤད་གལ་ཆེན་ནང“མི་དྲང་པོ་ཞིག་བྱེད་པར་ཏང་དང་། རྩ་འཛུགས། མི་དམངས། བློ་མཐུན་བཅས་ལ་བློ་དཀར་དྲང་བདེན་གྱིས་མི་དྲང་གཞག་ཅིག་བྱེད་པ་དང་། སྐད་ཆ་དྲང་པོ་ཤོད་པ། བྱ་བ་དྲང་པོ་བྱེད་པ། ཁ་གསལ་གཏིང་གསལ་བྱེད་པ། དྲང་གཞག་གཞུང་བཟང་བཅས་བྱེད་དགོས” ཞེས་གསུངས་ཡོད།

    མི་དྲང་པོ་ཀྲང་སི་ཏེ་ནས་རྫོང་ཨུད་ཀྱི་ཧྲུའུ་ཅིའི་མིག་དཔེ་ཡག་པོ་ཅའོ་ཡུས་ལུའུ་སོགས་ཀྱི་བར“དྲང”ཞེས་པའི་ཡིག་འབྲུ་ནི་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡོན་གྱི་ཆགས་ས་རྟེན་ས་དང་བྱས་རྗེས་གཏོད་པའི་འགྱུར་མེད་རྟིང་ཚོན་ཞིག་རེད། ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཐད་བློ་དཀར་དྲང་བདེན་བྱེད་པ་དང་། མི་ཚུལ་ལྡན་ཞིག་བྱེད་པའི་ཐད་བདེན་པ་བདེན་ཐུབ་བྱེད་པ། ལས་ཀའི་ཐོག་དངོས་ཐོག་བདེན་འཚོལ་བཅས་བྱས་ན། ད་གཟོད་རྩ་འཛུགས་ཀྱི་མངགས་བཅོལ་གལ་ཆེན་ཆུད་ཟོས་སུ་མི་འགྲོ་བར་གྲུབ་འབྲས་དངོས་ལ་བརྟེན་ནས་རང་གནས་ཐུབ་པ་དང་མི་གཤིས་ལ་བརྟེན་ནས་མང་ཚོགས་ཀྱི་ཞབས་འདེགས་ཞུ་ཐུབ།

    མི་དྲང་པོ་ཞིག་བྱེད་པར་ཐོག་མར་ཏང་དང་། རྩ་འཛུགས། མི་དམངས། བློ་མཐུན་བཅས་ལ་བློ་དཀར་དྲང་བདེན་བྱེད་དགོས། ཏང་གི་སྒྲིག་ཡིག་ནང་གུང་ཁྲན་ཏང་ཡོན་གྱིས“ཏང་ལ་བློ་དཀར་དྲང་བདེན་དང་ཁ་ཞེ་གཉིས་མེད་བྱེད་དགོས་པ”ནི་ཏང་ཡོན་མི་རེ་ངོ་རེར་བཏོན་གནང་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཡིན་ལ་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་ཏང་གཤིས་རྩ་དོན་ཞིག་ཀྱང་ཡིན་པ་གཏན་འབེབས་ཁ་གསལ་བྱས་ཡོད། བློ་དཀར་དྲང་བདེན་བྱེད་པར་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་ཏང་ལ་བློ་དཀར་སེམས་དཀར་དང་། མེས་རྒྱལ་ལ་བློ་དཀར་སེམས་དཀར། མི་དམངས་ལ་བློ་དཀར་སེམས་དཀར་བཅས་བྱས་ནས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཁ་དན་ཚིག་གནས་དང་ལག་རྗེས་རྐང་པས་མི་སུབ་པ་བྱེད་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྣམ་འགྱུར་གསལ་སྟོན་དང་། ལག་ལེན་ལ་བརྟེན་ནས་ཁས་ལེན་བྱེད་དགོས། ཏང་ལ་མངོན་བརྩི་ལྐོག་འགལ་གྱིས་རྒྱབ་མདུན་མི་གཅིག་པའི“མགོ་གཉིས་མ”གཏན་ནས་བྱེད་མི་རུང་།

    མི་དྲང་པོས་བདེན་དོན་ཤོད། ཁ་དགྲ་མི་བཟོ་བའི་མིས་ངོ་སོར་སྣང་ཆེན་བྱེད། མི་དྲང་པོས་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད། ཁ་དགྲ་མི་བཟོ་བའི་མིས་དངོས་ཕན་རིང་ལུགས་ལ་དད་མོས་བྱེད་མི་དྲང་པོས་ཧུར་ཐག་ཡར་བརྩོན་དང་སྙིང་སྟོབས་ཆེར་སྐྱེད་བྱེད། ཁ་དགྲ་མི་བཟོ་བའི་མི་དེ་ནུས་མེད་འབྲས་མེད་དུ་གྱུར། མི་དྲང་པོས་རྩ་དོན་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། ཁ་དགྲ་མི་བཟོ་བའི་མིས་རྩ་དོན་མེད་པའི་མི་དགའ་དགའ་མདོག་བྱེད་པ་བཅས་རེད།

    ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཁྲོད་མི་མང་ཆེ་བས“ མི་དྲང་གཞག་ཅིག་བྱེད་པ་དང་། སྐད་ཆ་དྲང་པོ་ཤོད་པ། དྲང་པོ་བྱེད་དགོས་པ” བཅས་ཀྱི་བླང་བྱ་ལྟར་བྱེད་ཀྱི་ཡོད་། དེ་ལྟར་བྱས་རྐྱེན་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གཞི་ནས་རླབས་ཆེན་གྱི་རྒྱལ་ཁ་ཐོབ་སྲིད། འོན་ཀྱང་ངེས་པར་དུ་མཐོང་དགོས་པ་ཞིག་ལ། དངོས་ཡོད་འཚོ་བའི་ཁྲོད་ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ཀྱིས་མི་དྲང་པོ་ཞིག་བྱེད་པའི་བླང་བྱ་དང་རྒྱབ་འགལ་བྱས་ནས་ཏང་གཤིས་རྒྱུན་འཁྱོངས་མི་བྱེད་པ་དང་། མི་གཤིས་སྤྱོད་བཟང་གཙིགས་སུ་མི་འཛིན་པར་མ་རྩ་འཚོལ་བ་དང་། བྱས་རྗེས་རྫུས་མ་བཟོ་བ། འབྲེལ་ལམ་འཛུགས་པ། ངོ་དགའ་སྤྲེལ་ལད་བཅས་བྱེད་ཀྱི་ཡོད་པས། ཏང་ཡོན་དེ་རིགས་མི་དྲང་པོ་ཞིག་བྱེད་པའི་བླང་བྱར་གཞིགས་ནས་བཅོས་སྒྲིག་ནན་ཏན་བྱེད་དགོས།

    རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་དཀར་དྲང་བདེན་དང་། ཁེ་གྲགས་མི་གཉེར་བར་ལེགས་སྐྱེས་འབུལ་བ། མངོན་ཆུང་བཅས་ཀྱི་ལས་བྱེད་པ་གདམ་གསེས་བྱ་རྒྱུར་སྣང་ཆེན་བྱས་ནས་མི་དྲང་པོ་བློས་འགེལ་བེད་སྤྱོད་བྱ་རྒྱུ་དེ་ལས་བྱེད་པ་གདམ་གསེས་བྱེད་པའི་ལས་དོན་གྱི་འདུ་ཤེས་གལ་ཆེན་ཞིག་ཏུ་བརྩིས་ནས་དོན་འཁྱོལ་བྱེད་པ་དང་ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་མི་དྲང་པོ་བྱེད་པ་དང་། སྐད་ཆ་དྲང་པོར་ཤོད་པ། བྱ་བ་དྲང་གཞག་ཅིག་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ནས་སྤྱོད་པ་གཙང་བའི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་ཆགས་པ་བྱེད་དགོས།

    ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལས་དོན་ཁག་གི་དངོས་གནས་དྲང་གནས་ཀྱི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་བརྟེན་ནས“ ནན་གསུམ་དྲང་གསུམ” གྱི་ཆེད་དོན་སློབ་གསོ་ལེགས་གྲུབ་ཡག་པོ་བྱས་ཏེ་ཏང་དང་མི་དམངས་ལ་སྤྱོད་ཚུལ་འཛུགས་སྐྱོང་གི་ཚད་གཞི་ལོན་པའི་ ཡིག་རྒྱུགས་ཞིག་ཕུལ་ནས“ཕྱོགས་ཡོངས་བཞི” ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། “ལོ་བརྒྱ་གཉིས” ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།