དབུ་ཤོག>གསར་འགྱུར།
  • ​ བསོད་ནམས་ཀྱི་ཕྱུག་འགྱུར་ཐབས་ལམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-14

    ཟླ་བཞི་པའི་ཟླ་འགོར་གསར་འགོད་པས་བཅར་འདྲི་ཚོགས་ཆུང་དང་མཉམ་དུ་གཞིས་རྩེ་ནས་རླངས་འཁོར་དུ་བསྡད་དེ་ལྷོ་ཕྱོགས་སུ་བསྐྱོད་པ་དང་ལམ་བར་མདོ་ཆེན་མཚོ་དང་། ཇོ་མོ་ལྷ་རི། ཕག་རི་རྩྭ་ཐང་བཅས་བརྒྱུད་རྗེས། ས་བབ་ཀྱི་མཐོ་ཚད་སྨི་4300ལྷག་ཙམ་ནས་སྨི་2800ལྷག་ཙམ་བར་ཆག་ཅིང་། རི་མཐོ་ཞིང་ཤིང་ནགས་སྟུག་པ་དང་ཆུ་བོ་དྲག་ཏུ་རྒྱུག་པའི་ལུང་གཞུང་ཞིག་ཏུ་འབྱོར། དེ་ནི་མཐའ་མཚམས་ས་ཁུལ་གྲོ་མོ་རེད་འདུག

    ཟླ་བཞི་པར་གྲོ་མོའི་མི་སེར་མང་ཆེ་བ་ལོ་གཅིག་གི་ལས་ལ་བྲེལ་འགོ་ཚུགས་ནས་འདུག གྲོ་མོ་སྨད་ཤང་བྱེ་མ་གྲོང་ཚོར་འཚོ་སྡོད་བྱེད་མཁན་འདི་ལོ་ལོ་60སླེབས་པའི་བསོད་ནམས་ཀྱིས་ཇ་མངར་མོ་བཏུང་སྟེ་ཞོགས་ཟས་བཟས་རྗེས་ཉིན་ལྟར་རྐང་ཐང་མར་རྫོང་དུ་ཕག་ཕྲུག་བཅུ་ཕྲག་ཁ་ཤས་དང་བོད་བྱ་བརྒྱ་ཕྲག་ཡོད་པར་གཡོག་བྱེད་བྱེད་པར་འགྲོ་གི་ཡོད།

    ཐུན་མོང་མ་ཡིན་པའི་ས་ཁམས་དང་གནམ་གཤིས་ལས་གྲོ་མོའི་ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་གྲུབ་ཡོད། ཡུལ་དེའི་མི་ཚོའི་ཟས་རིགས་ཕལ་ཆེ་བ་ནི་འབྲས་དང་། ཕག་ཤ བྱ་ཤ་བཅས་ཡིན་པ་དང་། ལོ་འགའ་ཤས་གོང་ཁུལ་དེའི་ཡུལ་མིས་ཕག་པ་དང་བྱ་དེ་གསོ་ཚགས་བྱེད་ཀྱི་མེད་པར་དགོས་ངེས་ཀྱི་ཤ་གཞིས་རྩེ་དང་ལྷ་ས་ནས་དབོར་ཡོང་གི་ཡོད།

    ན་ནིང་གྲོ་མོ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“དམངས་གཅེས་མཐའ་བརྟན”གྱི་གསོ་སྤེལ་མཉམ་ལས་ཁང་གི་རྣམ་གྲངས་ཁྱབ་གདལ་བཏང་བ་དང་འབྲེལ་བསོད་ནམས་དང་གྲོང་མི་དབུལ་པོ་གཞན་དག་3དང་རོགས་སྐྱོར་གྲོས་མཐུན་བཞག་ནས་ཁོང་ཚོར་ཕྱུགས་རིགས་གཡོག་བྱེད་བྱ་རྒྱུའི་ལས་ཀ་སྤྲད།

    རི་ཁའི་ལྟོ་རྟེན་རི་ཡིན། ཆུ་ཁའི་ལྟོ་རྟེན་ཆུ་ཡིན་ཞེས་པའི་གཏམ་དཔེ་ལྟར་གྲོ་མོའི་གནམ་གཤིས་དྲོ་བ་དང་བཞའ་ཚན་ཆེ་ཞིང་ནགས་ཁྲོད་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པའི་ཁར་མཐའ་མཚམས་སུ་གནས་པས་ཕྱི་ཕྱོགས་ཚོང་དོན་གྲ་རྒྱས་པོ་ཡོད་སྟབས་ཡུལ་དེའི་མི་རྣམས་ཡོངས་ཁྱབ་ངང་ཟས་གོས་འཛོམས་པའི་འཚོ་བ་སྐྱེལ་གྱི་ཡོད།

    དེ་སྔའི་བསོད་ནམས་ཀྱི་ཁྱིམ་ནི་དེ་ཙམ་ཕྱུག་པོ་མེད། ཡོང་འབབ་གཙོ་བོ་ནི་ནགས་ཁྲོད་ཐོན་ཁུངས་འཚོལ་བསྡུ་དང་སྲོལ་རྒྱུན་གྱི་ཞིང་ཁ་འདེབས་པ་དང་བ་ཕྱུགས་གསོ་བར་བརྟེན་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་བོད་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་སོང་བ་དང་སྦྲགས་གྲོ་མོའི་མོག་རོའི་གོང་ཚད་ཀྱང་ཆེས་ཆེར་འཕར་ནས་འདི་ལོའི་ལོ་འགོར་རྒྱ་མ་གང་ལ་སྒོར་སུམ་སྟོང་བྱེད་ཀྱི་ཡོད། ལོ་རེའི་ཟླ་བརྒྱད་པ་ནས་བཅུ་པའི་བར་ནི་གྲོ་མོའི་མོག་རོ་འཐུ་བའི་དུས་སྐབས་བཟང་ཤོས་ཡིན། བསོད་ནམས་ཀྱི་བཟའ་ཟླ་ལུས་པོ་གཅོང་བས་ཁོང་དང་ཕྲུ་གུ་ཚོས་ཞོགས་པ་སྔ་པོ་ནས་ཐོན་ཏེ་མོག་རོ་འཐུ་བ་དང་སྐབས་རེ་ལམ་འགྲོ་རྒྱུག་སྐབས་ཉིན་གཅིག་ལ་མོག་རོ་བརླན་པ་རྒྱ་མ་བདུན་བརྒྱད་ཙམ་འཐུ་ཐུབ་པ་དང་དེ་དག་བསྐམས་རྗེས་སྲང་གཉིས་གསུམ་ཙམ་ཡོད་པར་སྒོར་700ལྷག་ཙམ་རག་གི་ཡོད། མོག་རོ་ཕུད་ད་དུང་སྨན་རྩྭ་དང་ཤ་མོའི་རིགས་སོགས་ཡོད། བསོད་ནམས་ཀྱིས་ནགས་ཁྲོད་ཐོན་ཁུངས་འཐུ་བར་དུས་ཚིགས་རང་བཞིན་ཡོད་པ་དང་ནགས་ཁྲོད་ཐོན་ཁུངས་ཀྱི་ཡོང་འབབ་རྩིས་བརྒྱབ་ན་དེ་སྔ་ངའི་ཁྱིམ་གྱི་ལོ་རེའི་ཡོང་འབབ་སྒོར་4000ལས་མེད་ཅེས་བཤད།

    གནས་ཚུལ་དེར་དམིགས་ནས་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཆེན་གྲོ་མོ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་2013ལོའི་ལོ་འཁོར་གྱི་ནོར་སྲིད་ཀྱི་གྲངས་ཉུང་མི་རིགས་ལ་དབུལ་སྐྱོར་བྱེད་པའི་འཕེལ་རྒྱས་མ་དངུལ་སྒོར་ཁྲི་50ལྷག་ཙམ་བརྩོན་ལེན་བྱས་ཏེ་2014ལོར་གྲོ་མོ་མཐའ་སྲུང་ཞིབ་བཤེར་ས་ཚིགས་བོད་བྱ་གསོ་སྤེལ་མཉམ་ལས་ཁང་བཙུགས་ནས་ཡུལ་དེའི་དུད་ཚང་དབུལ་པོར་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་དང་འབྲེལ་གསོ་སྤེལ་ལག་རྩལ་བསླབས་ཐོག་མཐའ་མཚམས་ཡུལ་མིའི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བཏང་བར་བསོད་ནམས་ལའང་དེའི་ཁྲོད་ཕན་པ་ཐོབ་ཡོད།

    བསོད་ནམས་ཀྱིས་མཐའ་སྲུང་ཞིབ་བཤེར་ས་ཚིགས་བོད་བྱ་གསོ་སྤེལ་མཉམ་ལས་ཁང་གི་ལས་ཀ་དེས་ངར་ཡོང་འབབ་ངེས་ཅན་ཞིག་རག་པ་མ་ཟད། ད་དུང་དེ་སྔ་མི་ཤེས་པའི་གསོ་སྤེལ་ལག་རྩལ་ཤེས་བྱུང་། རིང་མིན་ངས་ཁྱིམ་དུ་བོད་བྱ་ཁ་ཤས་གསོ་ཚགས་བྱ་རྒྱུ་ཡིན། དེ་ནི་ངའི་ཕྱུག་འགྱུར་ཐབས་ལམ་གཞན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད།

    ད་ཆ་བསོད་ནམས་ཁྱིམ་གྱི་ཕྱུག་འགྱུར་ཐབས་ལམ་གསུམ་ཚང་བ་དང་ལྟོ་ཐེངས་ཚང་མར་ཤ་དང་ཚལ་བཟའ་རྒྱུ་ཡོད་ལ་ཁུག་མའི་ནང་དངུལ་སྨར་མང་པོ་ཡོད། སླད་ཕྱིན་བདེ་སྐྱིད་ལྡན་པའི་འཚོ་བ་བསམ་བློ་འཁོར་སྐབས་ཁོང་གི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་འདུག

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།