དབུ་ཤོག>གསར་འགྱུར།
  • མི་སུ་འདྲ་ཞིག་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་ཚད་བརྒལ་བྱེད་པའི་དམིགས་བསལ་དབང་ཆ་གང་ཡང་མེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-06-13

    ཟླ་6ཚེས་11ཉིན་ཀྲོའུ་ཡུང་ཁང་གིས་ལྐོག་རྔན་བླངས་པ་དང་། འགན་དབང་གང་བྱུང་དུ་སྤྱད་པ། རྐང་བཙུགས་ནས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བ་བཅས་ཀྱི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད། གྱོད་གཞི་དེར་ཁྲིམས་ལྟར་ཐག་གཅོད་བྱས་པའི་ཐོག་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་སྲིད་སྐྱོང་འདུ་ཤེས་དང་ང་ཚོའི་ཏང་གིས་ཁྲིམས་ལྟར་རུལ་སུངས་ལ་ཉེས་ཆད་གཅོད་པའི་རྣམ་འགྱུར་གསལ་པོ་དང་ཆོད་སེམས་བརྟན་པོ་མཚོན་ཡོད།

    ཏང་སྒྲིག་རྒྱལ་ཁྲིམས་དེ་ཏང་ཡོངས་ལ་ཡོངས་ཁྱབ་ཏུ་གཅུན་འདོམས་ཀྱི་ནུས་པ་ལྡན་ཡོད། ཏང་དང་རྒྱལ་ཁབ་ཀྱི་དེ་སྔའི་འགོ་ཁྲིད་ཡིན་པའི་ཀྲོའུ་ཡུང་ཁང་ཁྲིམས་འགལ་ཉེས་གསོག་གི་ལམ་བུའི་ཐོག་བསྐྱོད་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གྱོང་གུན་ཆེན་པོ་བཟོས་པ་དང་། ཏང་གི་གཟུགས་བརྙན་ལ་གནོད་འཚེ་ཚབས་ཆེན་བཏང་བ། རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་བ། བཅའ་ཁྲིམས་ཀྱི་ལ་རྒྱར་གནོད་འཚེ་ཚབས་ཆེན་བཏང་བ་བཅས་ལ་བརྟེན་ངེས་པར་དུ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས། གྱོད་གཞི་དེར་ལྟ་སྐབས་གྱོད་ཁོངས་སུ་བཅུག་པ་དང་། མྱུལ་ཞིབ་བྱས་པ། གཞུང་ཕྱོགས་ཀྱི་ཞུ་སྦྱོར་བྱས་པ་བཅས་ནས་འདྲི་གཅོད་དང་བཅད་ཁྲ་ཡོངས་བསྒྲགས་བྱས་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་དོན་དངོས་གཞི་འཛིན་ས་དང་བཅའ་ཁྲིམས་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་དང་ཁྲིམས་དང་གོ་རིམ་ལྟར་གྱོད་གཞི་བདག་སྤྲོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི”གཞི་རྩའི་འདུ་ཤེས་ཁྱབ་ཡོད། དེ་ཐོག་ནས་ཏང་སྒྲིག་གི་མདུན་དུ་དམིགས་བསལ་ཏང་ཡོན་མེད་པ་དང་རྒྱལ་ཁྲིམས་ཀྱི་མདུན་དུ་དམིགས་བསལ་སྤྱི་དམངས་མེད། དབང་ཆ་ཆེ་ཆུང་དང་གོ་གནས་མཐོ་དམན་ལ་མི་བལྟོས་པར་ཁྲིམས་སྒྲིག་ལ་གཏོར་བཤིག་གཏོང་བ་དང་ཁྲིམས་སྒྲིག་རྡོག་རོལ་དུ་བཏང་ཚེ་ཏང་སྒྲིག་རྒྱལ་ཁྲིམས་ཀྱི་ཆད་པ་ནན་པོ་ཕོག་ངེས་ཡིན་པ་གསལ་བཤད་གང་ལེགས་བྱུང་ཡོད། དོན་དངོས་ཀྱི་ཐོག་ནས་ཏང་གི་རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཚང་མས་ངེས་པར་དུ་རྩ་ཁྲིམས་བཅའ་ཁྲིམས་དང་ཏང་སྒྲིག་གི་དབང་གྲགས་ལ་བརྩི་བཀུར་ཞུ་དགོས་པ་དང་། ཚང་མས་ངེས་པར་དུ་རྩ་ཁྲིམས་བཅའ་ཁྲིམས་དང་ཏང་སྒྲིག་གི་ཁྱབ་ཁོངས་ནས་བྱེད་སྒོ་སྤེལ་དགོས། ཚང་མས་ངེས་པར་དུ་རྩ་ཁྲིམས་བཅའ་ཁྲིམས་དང་ཏང་སྒྲིག་ལྟར་དབང་ཆ་སྤྱོད་པ་དང་འགན་འཁྲི་སྒྲུབ་དགོས་པ་བཅས་ལས་ཚང་མར་རྩ་ཁྲིམས་བཅའ་ཁྲིམས་དང་ཏང་སྒྲིག་ལས་ཚད་བརྒལ་བྱེད་པའི་དམིགས་བསལ་དབང་ཆ་མེད་པ་སླར་ཡང་ང་ཚོར་གསལ་བཤད་བྱུང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་འཆི་གསོན་ཆགས་འཇིག་གི་ཚད་མཐོའི་ཐོག་ནས་སྔ་ཕྱི་བར་གསུམ་དུ་རུལ་སུངས་ལ་དམ་བསྒྲགས་དང་བློ་བརྟན་འགྱུར་མེད་ངང་ཁྲིམས་ལྟར་རུལ་སུངས་ལ་ཆད་པ་ནན་པོ་བཅད་ནས་ཏང་ཡོངས་ཀྱི་གདེང་ཚོད་འཕེལ་བ་བྱེད་པ་དང་ཏང་གི་སྙན་གྲགས་ཆེ་རུ་བཏང་བས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་དྲང་ནུས་ཆེན་པོ་སྦྱིན་ཡོད།

    ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་དེ་དེང་དུས་ཀྲུང་གོའི་ཁྱབ་ཆེ་བའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ཁྲིམས་ལྟར་རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ་དང་རྟ་ཁྱུར་གནོད་པའི་རྟ་ངན་གཙང་སེལ་བྱ་རྒྱུ་དེ་ནི་ང་ཚོའི་ཏང་ལ་སྟོབས་ཤུགས་ཡོད་པའི་མཚོན་ཚུལ་ཡིན་ལ་ཏང་ཡོངས་ཀྱི་བློ་མཐུན་དང་རྒྱ་ཆེའི་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་པ་ར་སྤྲོད་བྱུང་ཡོད།

    གྱོད་གཞི་དེ་ཁྲིམས་ལྟར་ཐག་གཅོད་བྱེད་པའི་ཐོག་ནས་ང་ཚོའི་ཏང་གིས་གནད་དོན་ལ་ཕྱོགས་པ་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་དང་། ཏང་ནན་པོ་སྐྱོང་བ་དང་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་ཕོད་པ་སླར་ཡང་གསལ་བཤད་ཐུབ་ཡོད། ཁྲིམས་སྐྱོང་གི་གཞི་སྒྲོམ་འོག་རུལ་སུངས་ལ་ཆད་པ་ནན་པོ་གཅོད་རྒྱུ་མཐའ་འཁྱོངས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་པ་བྱེད་དགོས། བཅའ་ཁྲིམས་ཀྱི་ལམ་ལུགས་ཐོག་ནས་གཅུན་འདོམས་གང་ཐུབ་བྱས་ནས་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དེ་ནི་ང་ཚོའི་ཏང་གིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་ཆབ་སྲིད་འཛུགས་སྐྱོང་བྱེད་པའི་རྩ་བའི་ཁ་ཕྱོགས་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་ཀྱི་ལམ་ལུགས་ཐོག་ནས་དབང་ཆ་ཚད་ལྡན་དང་གཅུན་འདོམས་བྱས་ཏེ་དབང་ཆ་དེ་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་སླེབས་པ་དང་ལམ་ལུགས་ཀྱི་གཟེབ་ནང་དུ་སྤྱོད་རྒྱུ་འགན་ལེན་དང་མི་དམངས་ཀྱིས་གནང་བའི་དབང་ཆ་དེ་མི་དམངས་ཀྱི་ཆེད་དུ་ཁེ་ཕན་བསྒྲུབ་རྒྱུའི་འགན་ལེན་བྱས་ཏེ་རུལ་སུངས་ཀྱི་གནད་དོན་གཞི་རྩའི་སྒོ་ནས་སྔོན་འགོག་དང་ཉུང་དུ་གཏོང་དགོས། བཅའ་ཁྲིམས་ཀྱི་ལམ་ལུགས་ལག་ལེན་བསྟར་ནུས་མཐོ་རུ་བཏང་སྟེ་བཅའ་ཁྲིམས་ལམ་ལུགས་དེ་གློག་ཡོད་པའི“མཐོ་གནོན་གློག་སྐུད”ཅིག་ཏུ་འགྱུར་པ་བྱས་ནས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་སེམས་ལ་སྐྲག་སྣང་དང་། ཁ་ལ་བདག་པོ། བྱ་སྤྱོད་ལ་འཛེམས་བྱ་བཅས་ཡོད་པ་བྱས་ནས་དམངས་ཆེད་དབང་ཆ་སྤྱོད་པ་དང་། གཞུང་དྲང་ངང་དབང་ཆ་སྤྱོད་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱེད་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།