དབུ་ཤོག>གསར་འགྱུར།
  • ​ སྤྱིའི་བླང་བྱ་ཁ་གསལ་ཡོང་བ་བྱས་ཏེ་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-06-13

    སྤྱོད་ཚུལ་འཛུགས་སྐྱོང་དུས་རྟག་ཏུ་དམ་འཛིན་བྱས་ན། གཞི་ནས་གྲུབ་འབྲས་ཐོན་ཐུབ། “ནན་གསུམ་དྲང་གསུམ”ལག་ལེན་བྱ་རྒྱུ་ནི་ཡུན་རིང་དང་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པས་ངེས་པར་དུ་ཁ་ཕྱོགས་སྟངས་འཛིན་དང་། ལས་འགན་ཁ་གསལ། གཙོ་གནད་མངོན་གསལ། རྒྱུན་བསྲིང་ལྷོད་མེད་བཅས་ཀྱི་སྒོ་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི“ནན་གསུམ་དྲང་གསུམ”གྱི་བླང་བྱས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་བའི་བསམ་བློའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་ལ་དུས་བབ་གསར་པའི་འོག་གི་ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་བསྟུན་ས་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཆེད་དོན་སློབ་གསོའི་སྤྱིའི་བླང་བྱ་སྟངས་འཛིན་ནན་པོ་བྱས་ཏེ་བསམ་བློའི་ངོས་འཛིན་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་དང་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཁ་ཕྱོགས་མི་འཛོལ་བ་དང་། མདོ་གནད་མི་འགྱུར་བ། ཚད་གཞི་མཐོ་ལ་བླང་བྱ་ནན་པ་བཅས་ཀྱི་སྒོ་ནས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་ཐུབ་པའི་རྒྱུ་འགན་ལེན་བྱེད་དགོས།“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བར་ཐོག་མཐའ་བར་གསུམ་དུ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། བོད་ཡུན་རིང་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ་བཅས་བྱས་ཏེ་བསམ་བློའི་སློབ་གསོ་དང་། ཏང་གཤིས་དབྱེ་ཞིབ། དག་ཐེར་དོན་འཁྱོལ། སྒྲིག་སྲོལ་འཛུགས་པ་དང་སྒྲིག་ཁྲིམས་ལག་བསྟར་བཅས་ཟུང་འབྲེལ་བྱས་ཏེ་རྫོང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི“ནན་གསུམ་དྲང་གསུམ”གྱི་སློབ་གསོ་ཁྲིད་སྟོན་དེ་མི་དྲང་པོ་ཞིག་བྱེད་པའི་གཞི་རྩའི་བསྟུན་ས་དང་། དབང་ཆ་སྤྱོད་པའི་ཐད་ཀྱི་དྲན་སྐུལ་ཉེན་བརྡ། བྱ་གཞག་གཏོད་པའི་བྱ་སྤྱོད་ཀྱི་ཚད་གཞི་བཅས་སུ་འགྱུར་བ་བྱས་ཏེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱེད་དགོས།

    “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བའི་ཐད“ནན་པོ”དང“ཏན་ཏིག”མཐའ་འཁྱོངས་བྱ་རྒྱུ་དེ་ནི་དེའི་ནང་དོན་དང་འགངས་ཆེའི་གནས་ཤིག་ཡིན་ལ། གཞི་རྩའི་རྩ་དོན་ཞིག་ཀྱང་ཡིན། བླང་བྱ་ནན་པོ་དང་སྙིང་སྟོབས་ནན་པོ་མངོན་པ་བྱས་ཏེ་དེ་བས་ནན་པའི་ཚད་གཞི་དང་། དེ་བས་ནན་པའི་བྱེད་ཐབས། དེ་བས་ནན་པའི་སྒྲིག་ཁྲིམས་བཅས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་ནན་ཏན་ལ་སྣང་ཆེན་དང་། བྱ་སྤྱོད་དངོས་སྤེལ་བ། གནད་དོན་ཐག་གཅོད་བྱེད་ཕོད་པ་བཅས་ཀྱི་ཐོག་ནས་ནན་པོར་བརྟེན་ནས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་ནན་པོར་བརྟེན་ནས་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ་དང་། གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་སྣེ་ཁྲིད་ནས་སློབ་སྦྱོང་བྱས་ཏེ་གོ་རྟོགས་མཐོ་རུ་གཏོང་བ་དང་། གནད་དོན་བཙལ་འཚོལ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད། དག་ཐེར་དོན་འཁྱོལ། ལམ་ལུགས་ལག་བསྟར་བཅས་བྱས་ནས་གོང་གིས་ལག་བསྟར་དང་གཤམ་ལ་ཕན་འབྲས་ཐོན་པ་དང་གོང་གིས་སྣེ་ཁྲིད་དང་གཤམ་དུ་ལག་བསྟར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་པ། རིགས་དབྱེ་མཛུབ་ཁྲིད་ལ་གཙིགས་ཆེན་བྱས་ཏེ་ས་གནས་དང་། ཁྱབ་ཁོངས། རིམ་པ་བཅས་མི་འདྲ་བའི་འགོ་ཁྲིད་ལས་བྱེད་པའི་དོན་དངོས་དང་བསྟུན་ནས་གཙོ་གནད་མངོན་གསལ་དང་། མཛུབ་ཁྲིད་ལ་ཤུགས་སྣོན། ཕན་ནུས་ལྡན་པའི་བྱེད་ཐབས་དང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ་ཆེད་དོན་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས།

    “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ཐད་ཁག་ཐེངས་དང་དུས་མཚམས་མི་ཕྱེ་ཡང་བླང་བྱ་ཁ་གསལ་དང་། རྩ་བའི་ནང་དོན། གཏན་འབེབས་ཀྱི་བྱ་སྤྱོད་བཅས་ཡོད་དགོས། ཚད་གཞི་དང་ངེས་གནས་སྟངས་འཛིན་ཡག་པོ་བྱས་ཏེ་ཆེད་དོན་ཏང་གི་སློབ་ཚན་དང་། སློབ་སྦྱོང་ཞིབ་བསྡུར། དམངས་གཙོའི་འཚོ་བ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ། དག་ཐེར་དོན་འཁྱོལ་དང་སྒྲིག་ལམ་འཛུགས་པ་དང་སྒྲིག་ཁྲིམས་ལག་བསྟར་བཅས་ཀྱི“འགག་རྩའི་བྱ་སྤྱོད་བཞི”དམ་འཛིན་ཡག་པོ་བྱེད་དགོས་པ་དང་། རྒྱུན་དུ་དམ་འཛིན་དང་། རྒྱུན་རྣམ་དུ་འགྱུར་བ་བྱེད་པ། ཕན་འབྲས་ཐོན་པ་བཅས་བྱས་ཏེ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་འགོ་ཁྲིད་ལས་བྱེད་པའི་རྒྱུན་གཏན་རང་བཞིན་གྱི་སློབ་སྦྱོང་སློབ་གསོའི་ནང་བཞག་སྟེ་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་བཅས་དང་ཟུང་འབྲེལ་བྱས་ནས་ལས་བྱེད་པའི་དཔུང་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྒྱུན་རྣམ་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས།

    ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བྱ་རྒྱུ་དེ་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ལས་དོན་སྤེལ་རྒྱུར་ཐུག་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས“ནན་གསུམ་དྲང་གསུམ”གྱི་ཕུལ་བྱུང་སྤྱོད་ཚུལ་མཐའ་འཁྱོངས་བྱེད་པ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ལས་དོན་ཡག་པོ་སྤེལ་ནས་ཏང་ལ་བློ་དཀར་སེམས་དཀར་དང་། སྤྱོད་ཚུལ་ལེགས་པ། འགན་འཁུར་ཕོད་མཁན་བཅས་ཀྱི་འགོ་ཁྲིད་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་པ་དང་ང་ཚོའི་ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།