ཡུལ་སྐོར་ལས་རིགས་ལ“དུ་མེད་བཟོ་ལས”ཞེས་བརྗོད་པ་དང་། དེ་ནི་རང་བྱུང་གི་རྒྱུན་སྲིང་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན་པའི་ཐོན་ལས་ཤིག་རེད། ལྷག་པར་དུ་སྣོད་བཅུད་ཡུལ་སྐོར་ཐོན་ཟོག་དེ་ལས་རིགས་གཞན་དག་གི་ཐོན་ཟོག་དང་བསྡུར་ཚེ་གཏོང་ཆ་གཏོང་ཤུགས་ཆུང་བ་དང་ཁོར་ཡུག་གི་རིན་དོད་ཅུང་ཆུང་བས་རྒྱུན་སྲིང་འཕེལ་རྒྱས་ཀྱི་ལེགས་ཆ་དེ་བས་མངོན་གསལ་དོད་པོ་ཡོད། སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན་གྱི་ཟུང་འབྲེལ་བྱེད་ས་ཡག་ཤོས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དང་ལག་བསྟར་འདྲེན་རྟེན་ཞིག་ཡིན་ཞེས་ཤོད་ཆོག
སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱས་ཏེ་རྒྱུན་མཐུད་བེད་སྤྱོད་ཐུབ་པ་བྱེད་དགོས། ཡུལ་སྐོར་ཐོན་ཁུངས་ཞེས་པ་ནི་ཡུལ་སྐོར་བར་དགའ་སྣང་སྐྱེ་བ་དང་ཁོང་ཚོ་དེར་ཚུར་འགུགས་ཐུབ་པའི་ནུས་པ་ངེས་ཅན་ཡོད་པ་དང་འབྲེལ་དེར་བརྟེན་ནས་དངོས་ཕན་ཐོབ་པའི་རྒྱུ་རྐྱེན་སྣ་ཚོགས་གཅིག་སྡུད་བྱས་པ་དེར་ཟེར། ཡུལ་སྐོར་ཐོན་ཁུངས་དེ་བསྐྱར་སྐྱེས་སམ་ཡང་ན་བསྐྱར་སྐྱེས་མི་ཐུབ་པར་དབྱེ་བ་དང་། དེང་དུས་ཀྱི་མིས་དགའ་པོ་བྱེད་པ་ནི་རང་བྱུང་གི་མཛེས་ལྗོངས་ལ་མྱོང་རོལ་བྱ་རྒྱུ་དེ་རེད། ཡུལ་སྐོར་བ་ཚུར་འགུགས་བྱེད་པའི་ཡུལ་སྐོར་ཐོན་ཁུངས་དེ་ནི་དེའི་གདོད་མའི་རང་བཞིན་གྱི་རང་བྱུང་རྣམ་པའི་གཞི་རྩའི་ངོ་བོ་དེ་རེད། དོན་སྙིང་དེ་ཐོག་ནས་བཤད་ན་གདོད་མའི་རྣམ་པའི་ཡུལ་སྐོར་ཐོན་ཁུངས་གཏོར་བཤིག་ཐེབས་ཚེ་ཡུལ་སྐོར་ཐོན་ཁུངས་ཀྱི་ཡིད་དབང་འཕྲོག་ཤུགས་ཤོར་ངེས་ཡིན་ཞེས་ཤོད་ཆོག
བསྐྱར་སྐྱེ་ཐུབ་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་དགོས། བསྐྱར་སྐྱེས་མི་ཐུབ་པའི་ཡུལ་སྐོར་ཐོན་ཁུངས་དཔེར་ན། རིག་དངོས་དང་གནའ་ཤུལ་སོགས་དང་རང་བྱུང་ཐོན་ཁུངས་ཁ་ཤས་ཀྱི་གསར་སྤེལ་བེད་སྤྱོད་བྱ་རྒྱུ་ཚད་ཡོད་པ་ཞིག་རེད། འཁྲི་ཤིང་ལ་ཆ་མཚོན་ན། རླངས་འཁོར་གྱི་མཇུག་རླངས་མང་ཙམ་འཕྲད་ཚེ་འཕྲོ་བརླག་འགྲོ་བ་དང་གསར་སྤེལ་བེད་སྤྱོད་བྱས་དྲགས་ཚེ་ཡུལ་སྐོར་ཐོན་ཁུངས་ཟད་གྲོན་ཐེབས་ངེས་ཡིན་པས་ཟད་གྲོན་དེ་རིགས་ཚད་གཞི་ངེས་ཅན་ཞིག་ནང་ཚོད་འཛིན་བྱས་ཚེ་གཞི་ནས་ཡུལ་སྐོར་ཐོན་ཁུངས་རྒྱུན་སྲིང་བཀོལ་སྤྱོད་ཐུབ་ཀྱི་ཡོད། དེར་བརྟེན་བསྐྱར་སྐྱེ་མི་ཐུབ་པའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་སྐབས་ངེས་པར་དུ་ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་ལ་བསམ་གཞིག་གང་ལེགས་བྱས་ཏེ་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱས་ཐོག་རྒྱུན་མཐུད་བེད་སྤྱོད་ཐུབ་པ་བྱེད་དགོས།
ཡུལ་སྐོར་ཐོན་ཟོག་གསར་སྤེལ་དང་ཁྱབ་གདལ་གཏོང་བར་ངེས་པར་དུ་སྣོད་བཅུད་སྒྲིག་ཁྲིམས་དང་དཔལ་འབྱོར་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུས་ཏེ་རྒྱུན་སྲིང་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས། ཕྱོགས་གཅིག་ནས་ཕུགས་ལ་དམིགས་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ། རིམ་བཞིན་སྐུལ་འདེད་གཏོང་བ། འཕྲལ་མར་འགྲུབ་རེ་མི་བྱེད་པ། དུས་ཐུང་གི་བྱ་སྤྱོད་མི་སྤེལ་བ་བཅས་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་བྱ་སྤྱོད་སྤེལ་ཆོག་རིགས་སྤེལ་བ་ལས་སྤེལ་མི་ཆོག་པ་བཀག་འགོག་བྱེད་དགོས། གཞན་ཡང་ད་དུང་རྒྱུན་སྲིང་འཕེལ་རྒྱས་ཀྱི་འདུ་ཤེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་དང་། ལུགས་མཐུན་བེད་སྤྱོད། ཐོན་ཁུངས་གྲོན་ཆུང་བཅས་ཀྱི་འདུ་ཤེས་དང་བྱ་སྤྱོད་དེ་སྤྱི་དམངས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་འཇགས་ཐུབ་པ་བྱས་ཐོག་མི་ཚང་མས་སྣོད་བཅུད་འཛུགས་སྐྱོང་ལ་སེམས་ཁུར་དང་། ཞུགས་པ། རྒྱབ་སྐྱོར་བཅས་བྱེད་པའི་རྣམ་པ་ཞིག་ཆགས་པ་དང་ཡུལ་སྐོར་གཉེར་སྐྱོང་མཁན་གྱིས་གཉེར་སྐྱོང་ཁྲོད་ཀྱང་ཁོར་ཡུག་གི་ཤུགས་རྐྱེན་ངན་པ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།
སྣོད་བཅུད་ཡུལ་སྐོར་གསར་སྤེལ་དང་ཁྱབ་གདལ་མགྱོགས་སུ་གཏོང་བར་ངེས་པར་དུ་ཁོར་ཡུག་གི་སྤུས་ཚད་དང་ཁོར་ཡུག་གསར་སྐྲུན་བྱ་རྒྱུ་གཅིག་གྱུར་བྱེད་དགོས། རང་བྱུང་ཁོར་ཡུག་ཡག་པོ་མེད་ཚེ་གཞི་ཁྱོན་ཆེ་བའི་ཡུལ་སྐོར་བ་འགུགས་དཀའ་བ་དང་། སྤྱི་ཚོགས་ཁོར་ཡུག་དང་སྤྱི་ཚོགས་སྒྲིག་ལམ་ཡག་པོ་མེད་ཚེ་ཡུལ་སྐོར་བ་ཡོང་འདོད་མི་བྱེད་ལ་རྒྱུན་སྲིང་འཕེལ་རྒྱས་ལའང་རྨང་གཞི་ཡོད་མི་སྲིད། དེར་བརྟེན་ཁོར་ཡུག་གི་སྤུས་ཚད་ཧུར་ཐག་ངང་གོང་མཐོར་གཏོང་བ་དང་ཡུལ་སྐོར་གྱི་འཕེལ་རྒྱས་མདུན་ལམ་ལ་བསྟུན་པ་དང་སྐུལ་འདེད་གཏོང་བར་མཁོ་བའི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དེ་སྣོད་བཅུད་ཡུལ་སྐོར་གསར་སྤེལ་དང་སྐུལ་འདེད་མགྱོགས་སུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད།