དབུ་ཤོག>གསར་འགྱུར།
  • ལྷ་སའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་བསྡུས་རིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-10

    “ཀུང་སིས་ཕྱི་རྒྱལ་ནས་ཉོས་པའི་རུམ་འཐག་འཕྲུལ་འཁོར་གྱི་སྒྲིག་ཆས་སྔོན་ཐོན་ཡིན་པ་དང་ལོ་རེར་སྤུས་ལེགས་ས་གདན་སྨི་ངོས་གྲུ་ཁྲི་30ལྷག་ཙམ་བཏག་ཐུབ་པར་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2.7ཟིན་ནས་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི་4000ལྷག་ཙམ་བཏོད་ཐུབ་ཅིང་། མིག་སྔར་ཀུང་སིས་ཞིང་འབྲོག་པ་ལས་བཟོ་150ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད”བོད་ལྗོངས་བོད་འདུན་ས་གདན་ཚད་ཡོད་ཀུང་སི་དེ་2005ལོར་བཙུགས་པ་དང་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུག་མ་འདྲེན་གྱི་ཁེ་ལས་གཙོ་བོ་ཞིག་ཡིན་པ་དང་། བཅར་འདྲི་བྱེད་སྐབས་ཀུང་སི་དེའི་སྤྱི་ཁྱབ་ཅིང་ལི་ཅང་ཡུས་ཁྲེང་གིས། ཀུང་སིས་ཐོན་སྐྱེད་བྱས་པའི་ས་གདན་མིག་སྔར་ཕྱི་རྒྱལ་དུ་ཕྱིར་གཏོང་བྱེད་པ་དང་ཨ་རི་དང་། ཡོ་རོབ། ཨུ་རུ་སུ་སོགས་ས་ཆར་ཕྱིར་ཚོང་བྱེད་ཀྱི་ཡོད་ཅེས་སྤོབས་སེམས་ཆེན་པོས་གསར་འགོད་པར་བཤད།

    མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། ཉམས་ཞན་ནས་སྟོབས་ཆེའི་བར་བཅས་ལྷ་སའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ལམ་ཚད་དང་སྦྲགས་ནས་མགྱོགས་མྱུར་འཕེལ་རྒྱས་བྱུང་སྟེ་འཛམ་གླིང་སྐྱེ་བོར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གྱི་གཏམ་རྒྱུད་གྲགས་བཞིན་མཆིས། ……

    གསར་འགོད་པར་ཟླ་4ཚེས་22ཉིན་ལྷ་ས་གྲོང་ཁྱེར་དུ་འཚོགས་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁྱེར་གྱི་བློ་གཤོགས་ཡངས་པོ་དང་། ཉམས་དོད་པ། ཞབས་ཞུ་ཆེན་པོ་བཅས་ཀྱི་ཐོག་ནས་སྲིད་ཇུས་དང་། མ་དངུལ། ཤེས་ལྡན་པ། རྨང་གཞི། ཁོར་ཡུག མཚན་སྙན་སོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད། དུས་མཚུངས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་མ་མཐའི་མཚམས་ཐིག་གཉིས་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་ལ་སྤྱི་འདོམས་བྱེད་པ་དང་། ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པ། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། དམངས་འཚོར་བརྟེན་ནས་གྲོང་ཁྱེར་བདེ་ལ་འཁོད་པ། ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བ་བཅས“འཐབ་ཇུས་ཆེན་པོ་དྲུག”ལག་ལེན་གཏིང་ཟབ་བསྟར་བས་ལས་དོན་ཁག་མདུན་གྲལ་དུ་སླེབས་པ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་པ་སྟེ། 2011ལོ་ནས་2014ལོའི་བར་གྲོང་ཁྱེར་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཙོ་གཟུགས་དུད་ཚང་39745ནས་44959བར་མང་དུ་ཕྱིན་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་རིགས་ཁྲོད་ཞུགས་མཁན་ཁྲི་13.22ནས་ཁྲི་18.35བར་མང་དུ་ཕྱིན་པ། དཔལ་འབྱོར་རྒྱུན་མཐུད་ངང་འཕར་ཚད་12%ཡན་རྒྱུན་འཁྱོངས་ཐུབ་པ་བཅས་རེད།

    དཔལ་འབྱོར་གྲངས་གཞིའི་ཐོག་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་། མང་ཚོགས། མི་རིགས་ཁག་གི་མི་དམངས་བཅས་ཀྱི་དཀའ་སྤྱད་དང་རྔུལ་ཆུ་གཅིག་ཏུ་སྒྲིལ་ཡོད། 2014ལོར་ལྷ་ས་གྲོང་ཁྱེར་གྱིས་ཁྲོམ་རའི་ཆོག་འཐུས་ཐད“བཀག་རྒྱ་མེད་ན་ཆོག་མཆན་འགོད་པ་དང་། ཚོད་འཛིན་མེད་ན་ཆོག་འཐུས་ཐོབ་པ། འཛུལ་བདེ་ལ་དོ་དམ་ནན་པ། ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས”མཐའ་འཁྱོངས་བྱས་པ་དང་། རྒྱལ་ཁབ་ཀྱི་བཀག་སྡོམ་བཀའ་རྒྱ་གསལ་པོ་བཏང་བ་ཕུད། ཁྱབ་ཁོངས་ཚང་མས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་མ་རྩར་སྒོ་དབྱེ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་བཏོད་ཡོད། སྲིད་ཇུས་བཟོ་བའི་ཐད་སྒྱུར་བཅོས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་སྲིད་འཛིན་ཞིབ་བཤེར་ཆོག་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྲིད་འཛིན་ཞིབ་བཤེར་ཆོག་མཆན་རྣམ་གྲངས་ཁག་471ལེགས་སྒྲིག་དང་ཁུ་བསྡུ་བྱས་པ་དང་། གྲོང་མིའི་ཞབས་ཞུ་ལྟེ་གནས་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་བཙུགས་ཏེ“གཅིག་འཐུས་རྣམ་པའི་གཞུང་དོན་སྒྲུབ་པ”དང“མགོ་མཇུག་གཙང་སྒྲིལ་གྱི་ཞབས་ཞུ”སོགས་བྱ་རྒྱུར་སྐུལ་འདེད་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ནུས་ཆེ་དང་སྤྱོད་གཙང་གི་སྲིད་དོན་ཁོར་ཡུག་བསྐྲུན་ཡོད། ཚོང་འགུག་སྟེགས་བུའི་ཐོག“ཚུར་གདན་དྲངས་པ་དང་ཕྱིར་བསྐྱོད་པ”དང“ཡུལ་དེ་གའི”སྤུས་རྟགས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བའི་ཚོང་འགུག་སྟེགས་བུ་ཆེན་པོ་དང་། སྟོབས་ཆེན། ཏན་ཏིག་བཅས་བཏོད་པར་ཚོང་འགུག་མ་འདྲེན་རྣམ་གྲངས་489དོན་འཁྱོལ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་221.43དངོས་སུ་དམིགས་སར་འབྱོར་བ་དང་། ཚོང་འགྲུལ“2014ལོའི་ཐའེ་ཧོ་རྒྱལ་སྤྱི·ཀྲུང་གོའི་ལྷ་སའི་ཞོ་སྟོན”གྱི་དཔལ་འབྱོར་ཉོ་ཚོང་གི་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་རྒྱུར་གདན་དྲངས་པ་དང་2014ལོའི“ས་གཙང་ལྷད་མེད་ཐོན་ལས”ཀྱི་ཆེད་དོན་ཚོང་འགུག་བྱེད་སྒོ་སྤེལ་ནས་ས་གཙང་ཐོན་ལས་རྣམ་གྲངས་36དང་དངོས་སུ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་33.66བཏང་བ། “2014ལོའི་སྤུས་རྟགས་ཞིང་ལས་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་ཞིབ་བསྡུར་ཚོགས་འདུར”ཧུར་ཐག་ཞུགས་པ་དང“ལྷ་སའི་ས་གཙང”སྤུས་རྟགས་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བ། “ཞོ་སྟོན”དང“གནམ་མཚོ་རྒྱལ་སྤྱིའི་རྐང་ཐང་འདུ་ཚོགས་ཆེ་མོ”སོགས་ལུས་རྩལ་རིག་གནས་བྱེད་སྒོ་ཆེ་གྲས་དང“བོད་ལྗོངས་ཀྱི་འགྲེམས་ཚོགས”གང་ལེགས་སྤྱད་དེ་ལུས་རྩལ་རིག་གནས་དང་ཚོང་འགུག་མ་འདྲེན་མཉམ་བསྲེས་གཏིང་ཟབ་བྱས་ཐོག་སྐད་གྲགས་ཆོད་ཚད་མཐོ་བ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་ཡུལ་དེ་རང་གི་ཚོང་འགུག་སྟེགས་བུ་ཁག་གཅིག་བཏོད་པར“རིག་གནས་ཀྱིས་རམ་འདེགས་བྱས་ཏེ་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་གཏོང་རྒྱུ”མངོན་འགྱུར་ཐུབ་པ་རེད།

    2011ལོར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཚོགས་ཆེན་འཚོགས་པ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་འཕེལ་ཤུགས་ཆེན་པོ་ཡོད། འདི་ལོའི་ཟླ་གསུམ་པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་5030ཟིན་པ་དེ་2011ལོའི་ལྡབ་2.2ཡིན་པ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་224.5ཟིན་པ་དེ་2011ལོའི་ལྡབ་8.3ཡིན་ཞིང་། 2014ལོའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རིན་ཐང་འཕར་མས་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་རིན་ཐང་འཕར་མའི་96%བཟུང་བ་དང་། འཇལ་ཟིན་པའི་ཁྲལ་དངུལ་གྱིས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་ཁྲལ་བསྡུའི་96%བཟུང་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་མ་དངུལ་བསྡོམས་འབོར་གྱིས་གྲོང་ཁྱེར་ཡོངས་ཀྱི་62%བཟུང་བ། དམངས་ཁྲོད་ཀྱི་མ་འཇོག་གིས་གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་གི་ཕྱེད་ཀ་ལྷག་ཙམ་བཟུང་བ་བཅས་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་དང་། ནོར་སྲིད་ཁྲལ་བསྡུའི་ཡོང་སྒོ་གལ་ཆེན། ལས་ཞུགས་རྒྱ་ཆེར་གཏོང་བའི་ཐབས་ལམ་གལ་ཆེན་བཅས་སུ་གྱུར་ནས་དཔལ་འབྱོར་དར་རྒྱས་གཏོང་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། ལས་ཞུགས་མང་དུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།