དབུ་ཤོག>གསར་འགྱུར།
  • བོད་ཀྱིས་ལོ་ལྔའི་ནང་མ་དངུལ་སྒོར་དུང་ཕྱུར་1.3བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-06-09

    ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། བོད་རང་སྐྱོང་ལྗོངས་ཀྱིས་2010ལོ་ནས་བཟུང་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་འདུ་འགོད་ལག་ལེན་བསྟར་འགོ་བཙུགས་ཤིང་། མིག་སྔའི་བར་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.3བཏང་སྟེ་འཐུང་ཆུའི་ཆུ་མགོ་ཁུལ་101གི་ཁོར་ཡུག་སྲུང་སྐྱོང་འདུ་འགོད་ལག་ལེན་བསྟར་བར་ས་ཆ་དེ་གའི་རྫོང(ཆུས)74ཡི་ཁྲོད་རྫོང་70ལ་ཁྱབ་ནས་ཁྱབ་ཚད་95%ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། བོད་ཀྱིས་ན་ནིང་ཆེད་དོན་མ་དངུལ་སྒོར་ཁྲི་2634.6བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་མགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་འདུ་འགོད་ཁག་19ལག་ལེན་བསྟར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་འདུ་འགོད་ཁག་31གི་ཞིབ་བཤེར་རྩིས་ལེན་ལས་དོན་ལེགས་གྲུབ་ཟིན་པ། མ་དངུལ་སྒོར་ཁྲི་3000བཏང་སྟེ་གཙོ་གནད་རྫོང་20ཡི་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་མགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་ཁག་300ལག་ལེན་བསྟར་བ་བཅས་རེད།

    ལོ་མང་རིང་ལྷ་ས་གྲོང་ཁྱེར་གྱི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་མགོ་4ཡི་ཆུའི་སྤུས་ཚད་ལ་ཟླ་རེར་ལྟ་ཞིབ་ཚད་ལེན་ཐེངས་རེ་བྱེད་པ་དང་། ས་ཁུལ(གྲོང་ཁྱེར)གཞན་གནས་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཆུའི་སྤུས་ཚད་ལ་ལོ་རེར་ལྟ་ཞིབ་ཚད་ལེན་ཐེངས་རེ་བྱེད་པ། རྫོང་གྲོང་གི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཆུའི་སྤུས་ཚད་ལ་དུས་ངེས་མེད་ཀྱི་འཐེན་བཤེར་བྱེད་པ་བཅས་རེད།

    བོད་ཀྱི་སྡེ་ཚན་མང་པོ་ཞིག་གིས་མཉམ་འགུལ་བྱས་པ་བརྒྱུད་ས་ཆ་དེ་གའི་ཆུའི་སྦགས་བཙོག་དངོས་པོ་བཤངས་ཚད་སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་ཡོད།

    བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོང་ཧུང་ཞང་གིས་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7གནས་སའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཐུང་ཆུའི་ཆུ་མགོ་21གི་ཆུའི་སྤུས་ཚད་སྤྱིའི་ཆར་ལེགས་ཙམ་ཡོད་ཤིང་། དེ་དག་ཚང་མ《ས་འོག་ཆུའི་སྤུས་ཚད་ཚད་གཞིའི》རིགས་Ⅱདང《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི》རིགས་Ⅲལོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཚེས་4ཉིན་ཡོངས་བསྒྲགས་བྱས་པའི《2014ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནས་ཚུལ་སྐོར་གྱི་སྤྱི་བསྒྲགས》ནང་ཡུལ་དེའི་གཙང་པོ་དང་། མཚོ། མཚེའུ་བཅས་ཀྱི་ཆུའི་སྤུས་ཚད་ལེགས་ཙམ་ཡོད་པ་དང་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཚད་གཞིར་སླེབས་ཡོད། ཡར་འབྲོག་གཡུ་མཚོ་སོགས་མཚོ་དང་མཚེའུ་གཙོ་བོའི་སྤྱི་ཡོངས་ཀྱི་ཆུའི་སྤུས་ཚད་དང་ཇོ་མོ་གླང་མ་ནས་རྒྱུག་པའི་རོང་ཕུ་ཆུའི་ཆུའི་སྤུས་ཚད《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི་》རིགསⅠལོན་ཡོད། ཡར་ཀླུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུ་སོགས་གཙང་པོའི་ཆུ་གཞུང་གི་ཆུའི་སྤུས་ཚད《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི》རིགས་Ⅱལོན་ཡོད་ཅེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།