དབུ་ཤོག>གསར་འགྱུར།
  • ལོ་50ཡི་རིང་བོད་ཀྱི་ལྷོ་ཁར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-06-09

    ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50རིང་གི་ལྷོ་ཁ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། 

    ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པ་ཡོན་ཏན་གྱིས། ལོ་50རིང་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་ཀྲུང་དབྱང་གི་ཐུགས་ཁུར་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྐབས་རིམ་བྱུང་གི་ལྷོ་ཁ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཕྱར་བ་གྲུ་འདེགས་དང་དཀའ་སྤྱད་འབད་འཐབ་བྱས་པས་ས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་ལྷོ་ཁ་ས་ཁུལ་དུ་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་101.13ལེགས་གྲུབ་ཟིན་པ་དེ་1965ལོའི་ལྡབ་389ཡིན་པ་དང་ལོ་རེར་ཆ་སྙོམས་12.9%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་137.36ཟིན་པ་དེ་1965ལོའི་ལྡབ་ཁྲི་1.09ཡིན་པ་དང་ལོ་རེར་ཆ་སྙོམས་20.9%འཕར་བ། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་9.86ཟིན་པ་དེ་1965ལོའི་ལྡབ་986ཡིན་པ་དང་ལོ་རེར་ཆ་སྙོམས་26.5%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་33.35ཟིན་པ་དེ་1965ལོའི་ལྡབ་1069ཡིན་པ་དང་ལོ་རེར་ཆ་སྙོམས་15.3%འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་སྒོར་8006ཟིན་པ་དེ་1965ལོའི་ལྡབ་104ཡིན་པ་དང་ལོ་རེར་ཆ་སྙོམས་10%འཕར་བ་བཅས་རེད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་མ་ཐག་པའི་དུས་སུ་ལྷོ་ཁ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཧ་ཅང་རྗེས་ལུས་ཡིན་པས་ངོ་དྲག་པའི་གཞུང་ལམ་ཧ་ལམ་གཅིག་ཀྱང་མེད་པ་དང་འགྲིམ་འགྲུལ་ནི་མི་དང་ཕྱུགས་ལ་བརྟེན་དགོས་པ། ནུས་རྒྱུ་ཧ་ཅང་མི་འདང་བ། མང་ཚོགས་མང་ཆེ་བར་གློག་སྤྱོད་རྒྱུ་མེད་པ་བཅས་རེད།

    མིག་སྔར་ས་ཁུལ་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་6582ཟིན་ནས་རྫོང་11དང་། ཤང་གྲོང་69 སྲིད་འཛིན་གྲོང་ཚོ་179བཅས་ལ་སྣུམ་ནག་ལམ་མམ་ཡང་ན་ཨར་འདམ་ལམ་བཏིང་ནས་གཞི་རྩའི་ཐོག་རྩེད་ཐང་གིས་ལྟེ་བ་བྱས་པའི་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཞིག་ཆགས་ཡོད། ཞིང་ཆུ་འདྲེན་ཁུལ་དང་། ཆུ་མཛོད། བདེ་འཇགས་འཐུང་ཆུ་སོགས་ཀྱིས་གཙོ་གནད་དུ་བྱས་པའི་ཆུ་བེད་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་ཁྱབ་ཚད་100%ཟིན་ཡོད། ཆུ་གློག་གིས་གཙོ་བོ་བྱས་པའི་ནུས་ཁུངས་མ་ལག་གཞི་རྩའི་ཐོག་གྲུབ་ནས་ས་ཁུལ་ཡོངས་ཀྱི་གློག་ཤུགས་འཕྲུལ་འཁོར་ནས་འདོན་པའི་གློག་ཤུགས་འདོན་གྲངས་ཆན་ཝ་ཁྲི་28.38ཟིན་པ་དང་ལོར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་12.33ཟིན་ནས་སྲིད་འཛིན་གྲོང་ཚོར་གློག་གཏོང་ཚད་100%ཟིན་ཡོད། འཕྲིན་གཏོང་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ས་ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་སྦྲག་ལམ་ཤར་གཏོང་ཐུབ་ཚད་85%དང་ཁ་པར་ཤར་གཏོང་ཐུབ་ཚད་དང་དྲ་ཆེན་ཤར་གཏོང་ཐུབ་ཚད་ཚང་མ་100%ཟིན་ཡོད་པ་རེད།

    ལོ་ངོ་ལྔ་བཅུའི་རིང་ལྷོ་ཁ་ས་ཁུལ་གྱི་ཐོན་ལས་འཛུགས་སྐྱོང་དེ་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེར་འགྱུར་ཏེ་མིག་སྔར“ཐོན་ལས་གཉིས་པ་དང་། གསུམ་པ། དང་པོའི”གནས་བབ་བརྟན་ཙམ་ཞིག་ཆགས་ཡོད། ས་ཁུལ་གྱིས་ཀྲུང་དབྱང་གི་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ཏེ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པས“གནམ་ཆུ་བརྟེན་པ”ནས་དེང་རབས་ཀྱི་ཞིང་འབྲོག་ལས་ཕྱོགས་སུ་བརྟན་པོའི་སྒོ་ནས་འགྱུར་ལྡོག་མངོན་འགྱུར་བྱུང་བ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་དང་། སྤུས་རྟགས། ཚོང་རྟགས་བཅས“སྐུལ་སྤེལ་གསུམ”གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་པ་བརྒྱུད་བ་གླང་རྒྱུད་པ་ལེགས་བཅོས་དང་། བྱ་རིགས་གསོ་ཚགས། སྤུས་ལེགས་ནས་སོགས་གཙོ་གནད་དུ་བྱེད་པའི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས“ཡར་ཀླུང་འབྱུང་ཁུངས”དང་“བོད་ཀྱི་ཞིང་ཁ་དང་པོ”“བྱ་ཡུལ་ནས”སོགས་གྲགས་ཅན་ཚོང་རྟགས་ཁག་གཅིག་བཏོད་ཡོད། བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་རུ་བཏང་བ་དང་བཟོ་ལས་དེ་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་མྱུར་པོ་བྱུང་ནས“བོད་དབུས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི”རགས་ཙམ་བསྐྲུན་པ་དང་“གཏེར་ལས་རྟེན་གཞི་བཞིའི”འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་ནུས་རྒྱུ་གཙང་མ་དང་། སྤུས་ལེགས་གཏེར་ལས། ཨར་ལས་རྒྱུ་ཆ། བོད་ལུགས་གསོ་རིག་དང་བོད་སྨན། མི་རིགས་ཀྱི་ལག་ཤེས་བཟོ་ལས་སོགས་གཙོ་གནད་དུ་བྱེད་པའི་བཟོ་ལས་མ་ལག་ཆགས་ཡོད། 2014ལོར་ས་ཁུལ་ཡོངས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་23.96ཟིན་པ་དེ་1965ལོའི་སྒོར་ཁྲི་26གི་ལྡབ་9200ཡིན་པ་དང་། ལོ་རེར་ཆ་སྙོམས་20.5%འཕར་ཡོད། “བོད་ཀྱི་འབྱུང་གནས་རིག་གནས་ཡུལ་སྐོར་རྟེན་གཞི”གཏོད་རྒྱུར་གཞིགས་ཏེ་ཡུལ་སྐོར་ལས་རིགས་གཙོ་གནད་དུ་བྱས་པའི་ཐོན་ལས་གསུམ་པ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ཡོད། 2014ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་196.9ལ་སྣེ་ལེན་བྱས་པར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་7.52བྱུང་བ་དང་ཡུལ་སྐོར་མི་གྲངས་དང་ཡོང་འབབ་དེ་བསྟུད་མར་ཟིན་ཐོ་གསར་པ་བཏོད་ཡོད།

    2014ལོར་ས་ཁུལ་ཡོངས་སུ་སྤྱི་དབང་མིན་པའི་དཔལ་འབྱོར་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་1.47ཡོད་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་100.81ཟིན་པ། ལས་ཞུགས་མི་སྣ་ཁྲི་8.75ཟིན་པ། སྤྱི་དབང་མིན་པའི་དཔལ་འབྱོར་གྱི་གོང་འབུལ་ཁྲལ་འཇལ་དེ་ས་ཁུལ་ཡོངས་ཀྱི་ཁྲལ་འཇལ་སྡོམ་འབོར་གྱི་93%ཟིན་ཡོད། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཁག་ཁྱོན་316ནང་འདྲེན་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་94.79གནས་སར་འབྱོར་བས་ཁྲལ་འཇལ་སྒོར་དུང་ཕྱུར་33.2ལེགས་གྲུབ་བྱུང་བ་དང་། 2014ལོར་ས་ཁུལ་ཡོངས་སུ་ཚོང་འགུགས་མ་འདྲེན་ཁེ་ལས་དྲུག་གི་ཁྲལ་འཇལ་སྒོར་ཁྲི་5000ལས་བརྒལ་བ་དང་ཚོང་འགུགས་མ་འདྲེན་གྱི་ཁེ་ལས་གཉིས་ཁྲོམ་རར་ཞུགས་ཐུབ་ཡོད།

    ཡོན་ཏན་གྱིས། ལོ་ངོ་50རིང་ལྷོ་ཁ་ས་ཁུལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་དང་སྒྱུར་བཅོས་སྒོ་དབྱེའི་ཕན་འབྲས་ལས་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་ཡོད། 2014ལོར་ལྷོ་ཁ་ས་ཁུལ་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་གཏོང་ཡོང་འབབ་སྒོར་8006དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་མ་སྙོམས་བཀོལ་གཏོང་ཡོང་འབབ་སྒོར་20797ཟིན་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2300ལས་དམའ་བའི་དབུལ་པོའི་དུད་ཚང་གྱི་མི་གྲངས་དེ་མི་ཁྲི་1.5བར་ཉུང་དུ་ཕྱིན་ཡོད་པ་དང་འདི་ལོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ་རེད། 2014ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བཅོལ་དངུལ་དེ་1965ལོའི་སྒོར་ཁྲི་213ནས་སྒོར་དུང་ཕྱུར་52.22བར་མང་དུ་སོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ལྟོ་གོས་གཉིས་ཀྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གནས་སྡོད་ཀྱི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་སྡོད་གནས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་མ་35ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།