དབུ་ཤོག>གསར་འགྱུར།
  • “ཀྲུང་གོའི་ལུགས་ཀྱི་བྱིས་པ་སྐྱེལ་བསུ་བྱེད་སྟངས་དེ”ག་དུས་མཇུག་འགྲིལ་ལམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མཱ་ཞའོ་ཡན་གྱིས།   |     སྤེལ་དུས།  2015-06-05

    ཉིན་ལྟར་སློབ་ཆུང་ལོ་རིམ་དང་པོའི་བུ་མོ་སྐྱེལ་བསུ་བྱེད་སྐབས་སྨྱུག་འཛིན་པས་སློབ་གྲྭའི་སྒོ་འགྲམ་དུ་མི་ཚོགས་དང་འཁོར་རིགས་ཀྱིས་ཁེངས་པ་མཐོང་། གནད་དོན་དེ་ནི་དོན་དམ་པར་ལྷ་ས་ཁོ་ནར་ཡོད་པ་ཞིག་མིན་པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་ཆུང་ཚང་མ་དང་ཐ་ན་ཤང་དང་གྲོང་རྡལ་གྱི་གྲོང་གསེབ་སློབ་ཆུང་དུའང་སློབ་མ་རྣམས་སློབ་གྲྭར་སྐྱོད་པ་དང་གྲོལ་བའི་དུས་སུ་འཚང་ཁ་ཤིག་ཤིག་གི་སྣང་ཚུལ་དེ་རིགས་རྟག་ཏུ་མཐོང་རྒྱུ་ཡོད། དེ་ལ་སྣང་བརྙན་དོད་པའི་ངང“ཀྲུང་གོའི་ལུགས་ཀྱི་བྱིས་པ་སྐྱེལ་བསུ་བྱེད་སྟངས”ཞེས་བརྗོད་ཀྱི་ཡོད།

    སྨྱུག་འཛིན་པའི་ཕྲུ་གུ་སྐྱོད་སའི་སློབ་གྲྭར་ཆ་མཚོན་ན། སློབ་མ་སློབ་གྲྭར་བསྐྱོད་པ་དང་གྲོལ་བའི་དུས་སུ་ལམ་དུམ་བུ་དེར་འཚང་ཁ་ཆེ་ཤོས་ཡིན་ཞིང་། རྐང་འཁོར་དང་། གློག་འཁོར། སྦག་སྦག རླངས་འཁོར་བཅས་མང་པོ་སྒྲིག་ལམ་གང་ཡང་མེད་པར་སློབ་གྲྭའི་ཉེ་འཁོར་དུ་བཞག་པ་དང་། ཚོང་པ་ཆུང་ཆུང་མང་པོ་དང་ཐ་ན་གསོ་སྦྱོང་དང་ཟུར་ཁྲིད་སློབ་གྲྭའི་ལས་སྒྲུབ་མི་སྣ་ཁག་གཅིག་གིས་ཀྱང་མི་ཚོགས་དང་འཁོར་ཚོགས་ནང་འཛུལ་ནས་ཚོང་སྐུལ་བྱེད་པས་འདུ་འཛི་ཧ་ཅང་ཆེ་བ་ནི་ཉོ་ཚོང་ཁྲོམ་ར་དང་ཁྱད་མེད་ཅིག་ཡིན། སྣང་ཚུལ་དེ་ལྟ་བུའི་ཁྲོད་དུ་འགྲིམ་འགྲུལ་ཉེན་རྟོག་པས་ལམ་སྟོན་མ་བྱས་ཚེ་འགྲིམ་འགྲུལ་འགག་ངེས་པ་མ་ཟད། ད་དུང་བྱིས་པ་ཚོའི་བདེ་འཇགས་ལ་མི་མངོན་པའི་རྐྱེན་ངན་ཡང་བཟོ་སྲིད།

    སློབ་མའི་ཁྱིམ་བདག་ཅིག་ཡིན་པའི་ཆ་ནས་སྨྱུག་འཛིན་པས་བལྟས་ན། “ཀྲུང་གོའི་ལུགས་ཀྱི་བྱིས་པ་སྐྱེལ་བསུ་བྱེད་སྟངས”ནི་ཐོན་མི་འོས་པ་ཞིག་དང་བསམ་ཞིབ་བྱེད་རིན་ཆེ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན། འོན་ཀྱང་སྨྱུག་འཛིན་པར་དེ་ལས་ཀྱང་ངེས་ཤེས་ཟབ་མོ་ཞིག་བྱུང་བ་ནི“ཀྲུང་གོའི་ལུགས་ཀྱི་བྱིས་པ་སྐྱེལ་བསུ་བྱེད་སྟངས”ཡོངས་ཁྱབ་ཆེ་ཞིང་། དེ་ཁྱིམ་བདག་གི་གནད་དོན་ཙམ་མིན་པར་སྤྱི་ཚོགས་ཀྱི་གནད་དོན་ཞིག་དེ་བས་ཀྱང་ཡིན་པ་དེ་རེད། དེའི་རྒྱུ་རྐྱེན་ལ་བརྟག་ན། “བདེ་འཇགས”ཞེས་པའི་ཡིག་འབྲུ་གཉིས་ལས་མ་འདས།

    “ཀྲུང་གོའི་ལུགས་ཀྱི་བྱིས་པ་སྐྱེལ་བསུ་བྱེད་སྟངས”ཞེས་པའི་སེམས་ཁྲལ་གྱི་རྣམ་པ་རབ་དང་རིམ་པ་ལས་སློབ་མའི་ཁྱིམ་བདག་གི་ཡོངས་ཁྱབ་བསམ་ཚུལ་ཞིག་མངོན་པར་མ་ཟད། སེམས་ཁྲལ་དེ་དག་རྒྱབ་ཀྱི་ཐབས་ཟད་འུ་ཐུག་གི་སྤྱི་ཚོགས་ཀྱི་དོན་དངོས་དེ་བས་ཀྱང་འབུར་དུ་མངོན་བཞིན་མཆིས།

    “ཀྲུང་གོའི་ལུགས་ཀྱི་བྱིས་པ་སྐྱེལ་བསུ་བྱེད་སྟངས་དེ”གནད་དོན་ཐག་གཅོད་ཡོང་བ་བྱེད་དགོས་ན་ཁྱིམ་བདག་གིས་བློ་བདེ་ཡོང་བ་བྱེད་དགོས་པ་མ་ཟད། སྲིད་གཞུང་སྡེ་ཚན་དང་སྤྱི་ཚོགས་ལས་རིགས་ཁག་གིས་དེ་བས་ཀྱང་མཉམ་དུ་འབད་བརྩོན་བྱས་ནས་ཁྱིམ་བདག་གི་སེམས་པ་ལྷོད་ལ་བབ་པར་བྱེད་དགོས། ལྷ་སའི་སློབ་ཆུང་ཁག་གི་ཉེ་འགྲམ་གྱི་འཚང་ཁ་ཆེ་བའི་ལམ་དུམ་བུར་སློབ་གྲྭར་བསྐྱོད་པ་དང་གྲོལ་བའི་དུས་སུ་འགྲིམ་འགྲུལ་ཉེན་རྟོག་པས་རྟག་ཏུ་འགྲིམ་འགྲུལ་བཀོད་འདོམས་བྱེད་མཁན་ཡོད་ན་ཁྱིམ་བདག་ཚོའི་བློ་བདེ་རུ་འགྲོ་ངེས། སློབ་གྲྭས་ཀྱང་རྒྱལ་ཁབ་གཞན་ལ་ལད་མོ་བྱས་ཏེ“སློབ་ཕྲུག་སྲུང་སྐྱེལ་པ”འདེམས་པ་དང་ཁྱིམ་བདག་དང་དགེ་རྒན་གྱི་མཉམ་འབྲེལ་ལྷན་ཚོགས་འཛུགས་པ་སོགས་ལ་བརྟེན་ནས་ཉིན་ལྟར་སློབ་ཚན་འཚོགས་པ་དང་གྲོལ་བའི་རིང་སློབ་གྲྭའི་ཕྱི་རོལ་གྱི་འཁོར་རིགས་མང་བ་དང་འཚང་ཁ་ཆེ་བའི་ལམ་དུམ་བུར་སློབ་མས་བདེ་བླག་ངང་ལམ་འཕྲེད་བཅད་བཏང་བར་སྣེ་ཁྲིད་དང་སྲུང་སྐྱོང་བྱས་ན་ཡག་པོ་ཡོད། གཞན་ཡང་འབྲེལ་ཡོད་སྡེ་ཚན་གྱིས་ལས་འགན་ཏན་ཏིག་ངང་བསྒྲུབས་ཏེ་སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་དང་། བཟའ་བཅར་ལྟ་སྐུལ་ཞིབ་བཤེར། དྲ་ཁང་ལ་ལྟ་སྡོམ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱིམ་བདག་བློ་བདེ་བག་ཕེབས་ཡོང་བ་བྱེད་དགོས།

    སྤྱི་ཚོགས་ཡོངས་ཀྱིས་འབད་བརྩོན་དང་ཕྱོགས་ཁག་གིས་ལག་གདང་སྦྲེལ་ཚེ“ཀྲུང་གོའི་ལུགས་ཀྱི་བྱིས་པ་སྐྱེལ་བསུ་བྱེད་སྟངས”ཐད་ཀྱི་རྙོག་དྲ་དེ་ད་གཟོད་ཉུང་དུ་འགྲོ་རྒྱུ་དང་མཐར་རྩ་བ་ནས་མེད་པར་འགྱུར་ངེས། རེད་ཨང་། གལ་ཏེ་ཁྱིམ་བདག་ཚོས་སེམས་ཁྲལ་གཏན་ནས་བྱེད་མི་དགོས་པ་དང་ཕྲུ་གུ་སོ་སོས་བདེ་འཇགས་ངང་སློབ་གྲྭར་སྐྱོད་ཐུབ་པ་བྱུང་ན་ཇི་འདྲའི་ཡག་པོ་མ་རེད་དམ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།