དབུ་ཤོག>གསར་འགྱུར།
  • བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་6བཏང་ནས་གློག་རྡུལ་ཚོང་དོན་ལས་གྲྭ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-06-04

    ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་6བཏང་བའི་བོད་ལྗོངས་གློག་རྡུལ་ཚོང་དོན་ལས་གྲྭ་ཉེ་ཆར་སྐྲུན་འགོ་ཚུགས་པ་དེ་ཐོག་ནས་བོད་ལྗོངས་ས་ཁོངས་ཀྱི་གློག་རྡུལ་ཚོང་དོན་སྣོད་བཅུད་མ་ལག་སྐྲུན་འགོ་ཚུགས་པ་མཚོན་པ་དང་། ཚོད་དཔག་བྱས་ན། འདི་ལོའི་ལོ་མཇུག་ཏུ་ལས་གྲྭའི་ལྟེ་བའི་ལས་སྒོའི་སྟེགས་བུ་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་རེད། ལས་གྲྭ་དེ་བོད་ནང་ཁུལ་གྱི་ཁེ་ལས་ཀྱིས་ལྗོངས་ཕྱིའི་ཁྲོམ་ར་གསར་འབྱེད་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་མ་ཟད། སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་ཤེས་རྟོགས་དང་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་པའི་གྲངས་གཞིའི་འདེགས་སྐྱོར་སྟེགས་བུ་འཛུགས་རྒྱུར་ཕན་ཐོགས་ཡོད་པ་རེད།

    བོད་ལྗོངས་གློག་རྡུལ་ཚོང་དོན་ལས་གྲྭ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཆར་འགོད་གཙོ་གནད་རྣམ་གྲངས་226གི་གྲས་ཤིག་ཡིན་པ་དང་བོད་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་འཛུགས་སྐྲུན་དང་དོ་དམ་གྱི་འགན་ཁུར་རྒྱུ་རེད། ད་ཕན་ལོ་ཤས་རིང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་ལས་གྲྭ་དེའི་འཆར་འགོད་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་འབྲེལ་མཐོང་ཆེན་གནང་བ་དང་བོད་ཀྱི་དོན་དངོས་ལ་གཞིགས་ན། མིག་སྔར་ལས་གྲྭ་དེ་བདེ་བླག་ངང་སྐྲུན་བཞིན་ཡོད།

    བོད་རང་སྐྱོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོའུ་ཧུའུ་ཡིས་བོད་ལྗོངས་གློག་རྡུལ་ཚོང་དོན་སྟེགས་བུའི་མ་ལག་དེ་B2Cདྲ་རྒྱའི་ཉོ་སྒྲུབ་སྟེགས་བུ་དང་། B2Bཚོང་ཟོག་ཉོ་ཚོང་སྟེགས་བུ། རྒྱུ་ནོར་གློག་རྡུལ་ཚོང་དོན་ཉོ་ཚོང་སྟེགས་བུ། ཕུང་གསུམ་པའི་སྒོ་དབྱེའི་སྟེགས་བུ་བཅས་སྲོག་ཤིང་སྟེགས་བུ་བཞི་ལས་གྲུབ་པ་དང་གཞན་ཡང་ད་དུང་ཕུང་གསུམ་པའི་གཏོང་སྤྲོད་དང་ཐོབ་ཐང་ལག་ཁྱེར་ཁས་ལེན་སོགས་འདེགས་སྐྱོར་མ་ལག་ཆེན་པོ་བརྒྱད་ལས་གྲུབ་ཡོད། ན་ནིང་ནས་བཟུང་སྡེ་ཚན་མང་པོ་ཞིག་གིས་གློག་རྡུལ་ཚོང་དོན་ལས་གྲྭའི་འཛུགས་སྐྲུན་དང་གཉེར་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བས་བོད་ལྗོངས་གློག་རྡུལ་ཚོང་དོན་གྱི་འཕེལ་རྒྱས་ཀྱི་མཉམ་ཤུགས་ཤིག་ཆགས་ཡོད།

    ཤོད་རིན་ཡོད་པ་ཞིག་ནི་ལས་གྲྭ་དེའི་འདེགས་སྐྱོར་མ་ལག་དེ་རྒྱལ་ནང་གི་གློག་རྡུལ་ཚོང་དོན་སྟེགས་བུ་གཞན་དག་གི་ཚད་གཞི་དང་གཅིག་མཚུངས་ཡིན་པ་དང་བདེ་འཇགས་དང་། སྤུས་ཚད་འགན་ལེན་། ཡིད་རྟོན་བཅས་ཀྱི་ཉོ་ཚོང་སྟེགས་བུ་བསྐྲུན་རྒྱུའི་འགན་ལེན་བྱེད་ཀྱི་ཡོད། ཕུང་གསུམ་པའི་གཏོང་སྤྲོད་ནི་བོད་ཀྱི་ཕུང་གསུམ་པའི་གཏོང་སྤྲོད་དང་པོ་དེ་ཡིན་པས་ས་གནས་དེར་ཕུང་གསུམ་པའི་གཏོང་སྤྲོད་མེད་པའི་སྟོང་ཆ་གསབ་རྒྱུ་རེད། གཞན་ཡང་ཡིད་རྟོན་ཞབས་ཞུའི་ཐད་གློག་རྡུལ་ཚོང་དོན་སྟེགས་བུའི་གཞི་གྲངས་ཀྱིས་རྨང་གཞི་བྱེད་པ་དང་མི་དམངས་དངུལ་ཁང་དང་། ཁྲལ་དོན། བོད་ལྗོངས་བཟོ་ཚོང་། སྤུས་ཚད་ཞིབ་བཤེར་སོགས་སྡེ་ཚན་གྱི་གྲངས་གཞི་དང་མཐུད་སྦྱོར་བྱས་ཏེ་ལྗོངས་ནང་ཁུལ་གྱི་ཁེ་ལས་ལ་ཡིད་རྟོན་ཞབས་ཞུ་མཁོ་འདོན་བྱས་མཐར་སྤྱི་ཚོགས་ལ་ཕྱོགས་པའི་སྤྱི་པའི་ཡིད་རྟོན་ཞབས་ཞུའི་ཐོབ་ཐང་ཐོབ་པ་བྱ་རྒྱུ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་བདག་དབང་ཉོ་ཚོང་ལྟེ་གནས་ན་ནིང་ཟླ་བཅུ་པར་ཡོངས་བསྒྲགས་ངང་སུས་འཇོན་དེ་འགུགས་ཀྱི་བྱ་ཐབས་ཐོག་ནས་གློག་རྡུལ་ཚོང་དོན་ལས་གྲྭའི་མ་ལག་འཛུགས་སྐྱོང་གི་གཉེར་སྐྱོང་བྱེད་པོའི་ཐོབ་ཐང་ཐོབ་ཡོད། རྣམ་གྲངས་དེའི་ཞིབ་འཇུག་སྙན་ཞུ་དེར་འདི་ལོའི་ཟླ་གཉིས་པར་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་མཆན་འགོད་བཀའ་ལན་ཐོབ་པ་དང་རྣམ་གྲངས་ཀྱི་ཐོག་མའི་ཇུས་འགོད་དང་མ་དངུལ་གཏོང་བའི་རགས་རྩིས་ཀྱང་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་དཔྱད་ཞིབ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།