དབུ་ཤོག>གསར་འགྱུར།
  • བོད་ལྗོངས་གློག་རྡུལ་ཚོང་དོན་ལས་གཞི་ད་ལོའི་ལོ་མཇུག་ཏུ་བེད་སྤྱོད་གཏོང་ཐུབ་བཟོ་ཡོད་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-06-02

    ཁྱོན་མ་དངུལ་སྒོར་དུང་ཕྱུར་6བཏང་བའི་བོད་ལྗོངས་གློག་རྡུལ་ཚོང་དོན་ལས་གཞི།  ཉེ་དུས་སྤེལ་འགོ་ཚུགས་པའི་ཐོག་ནས་བོད་ལྗོངས་མངའ་ཁོངས་ཀྱི་གློག་རྡུལ་ཚོང་དོན་སྟེགས་བུའི་མ་ལག་སྐྲུན་འགོ་ཚུགས་པ་མཚོན་གྱི་ཡོད་པ་དང་།  སྤྱི་ལོ་2015ལོའི་ལོ་མཇུག་ཏུ་ལས་གཞིའི་ལྟེ་བའི་ལས་སྒོའི་སྟེགས་བུ་དངོས་སུ་བེད་སྤྱོད་གཏོང་ཐུབ་བཟོ་ཡོད་པ་དང་།  ལས་གཞི་དེ་བོད་ལྗོངས་ནང་ཁོངས་ཁེ་ལས་ཀྱིས་ལྗོངས་ཕྱི་རོལ་དུ་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུར་སྐུལ་ཁྲིད་བྱེད་པའི་སྟོབས་ཆེའི་སྒུལ་བྱེད་ཞིག་དང་།  སྲིད་གཞུང་ནས་ཐོན་ལས་གོང་འཕེལ་ལ་ཤེས་རྟོགས་བྱེད་རྒྱུ་དང་སྤྱི་ཁོག་སྙོམ་སྒྲིག་བྱེད་རྒྱུར་ཕན་པའི་གྲངས་གཞིའི་འདེགས་སྐྱོར་གྱི་སྟེགས་བུ་ཞིག་ཏུ་འགྱུར་རྒྱུ་རེད།

    བོད་ལྗོངས་གློག་རྡུལ་ཚོང་དོན་ལས་གཞི་ནི།  ལོ་ལྔ་ཚན་བཅུ་གཉིས་པའི་རིང་རྒྱལ་ཁབ་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་འཆར་འགོད་གཙོ་གནད་རྣམ་གྲངས་226ཀྱི་གྲས་ཤིག་ཡིན་པ་དང་།  ལྗོངས་བཟོ་འཕྲིན་ཐིང་གིས་འཛུགས་སྐྲུན་དང་དོ་དམ་གྱི་འགན་འཁུར་རྒྱུ་རེད།  ཉེ་བའི་ལོའི་ནང་ཀྲུང་དབྱང་དང་རང་ལྗོངས་ཀྱིས་སྔ་ཕྱི་བར་གསུམ་དུ་ལས་གཞི་དེའི་འཆར་འགོད་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་མཐོང་ཆེན་གནང་བ་དང་།  ད་ཆ་ལས་གཞི་དེའི་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད།

    ལྗོངས་བཟོ་འཕྲིན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲུའུ་ཧུའུ་ཡིས་ངོ་སྤྲོད་གནང་སྐབས།  བོད་ལྗོངས་གློག་རྡུལ་ཚོང་དོན་སྟེགས་བུའི་མ་ལག་དེ་དྲ་ཐོག་གི་ཉོ་སྒྲུབ་སྟེགས་བུ་དང་ཚོང་ཟོག་ཉོ་ཚོང་སྟེགས་བུ།  རྒྱུ་ནོར་གློག་རྡུལ་ཚོང་དོན་སྟེགས་བུ།  དོ་བདག་མ་ཡིན་པའི་ཕྱོགས་ཀྱི་སྒོ་དབྱེའི་སྟེགས་བུ་བཅས་ལྟེ་བའི་སྟེགས་བུ་བཞི་ལས་གྲུབ་ཡོད་ཅེས་བཤད་པ་རེད།  གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  བོད་ལྗོངས་རྒྱུ་ནོར་བདག་དབང་ཉོ་ཚོང་ལྟེ་གནས་ལ།  ན་ནིང་སྤྱི་ཟླ་10པར་ཡོངས་བསྒྲགས་ཐོག  སུ་འཇོན་དེ་འགུག་གི་བྱ་ཐབས་ཐོག་ནས་གློག་རྡུལ་ཚོང་དོན་ལས་གཞིའི་མ་འཇོག་དང་འཛུགས་སྐྲུན།  གཉེར་སྐྱོང་བཅས་ཀྱི་ཐོབ་ཐང་རགས་པ་རེད།

    བོད་ལྗོངས་རྒྱུ་ནོར་བདག་དབང་ཉོ་ཚོང་ལྟེ་གནས་ཀྱི་སྤྱི་གཉེར་ཇ་ཇིང་ཕེང་གིས།  ང་ཚོས་ཨ་ལི་པ་པ་དང་གྲོས་མཐུན་བྱུང་ནས་ཐའོ་པའོ་ཁྱད་ལྡན་ཀྲུང་གོ་བོད་ལྗོངས་ཁང་ཞེས་པ་འཛུགས་རྒྱུ་དང་།  ཨ་ལི་པ་པ་བརྒྱུད་གཉེར་སྐྱོང་གི་ཇུས་གཞིར་ཞིབ་བཤེར་གཏན་འཁེལ་བྱས་ཐོག་བོད་ལྗོངས་ཁང་གི་གཉེར་སྐྱོང་དབང་ཆ་རགས་པ་དང་།  ད་ལོའི་སྤྱི་ཟླ་6པའི་ཟླ་མཇུག་ཏུ་དངོས་སུ་བེད་སྤྱོད་གཏོང་འགོ་འཛུགས་རྒྱུ་ཡིན་པས།  བོད་ལྗོངས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཁྱབ་སྤེལ་གྱི་ཐབས་ལམ་རྒྱ་སྐྱེད་འགྲོ་རྒྱུ་རེད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།