དབུ་ཤོག>གསར་འགྱུར།
  • “ཉེས་པ་དང་ཆད་པ”ཕུད་པའི་བསླབ་བྱར་དེ་བས་མཐོང་ཆེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-02

    ཉེ་ཆར་ཁྲིམས་རྒྱར་ཚུད་པའི་དཔོན་རིགས་ཀྱི་ལྐོག་ཟ་ལྐོག་རྔན་གྱོད་གཞིར་གཅིག་མཇུག་གཉིས་མཐུད་ངང་འདྲི་གཅོད་བྱས་ཡོད། ཁྲིམས་རྒྱར་ཚུད་པའི་དཔོན་རིགས་དེ་དག་ལ་ཁྲིམས་ལྟར་ཆད་པ་བཅད་པ་དེ་ཐོག་ནས་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་དང་བློ་སྟོབས་དེ་མངོན་ཡོད། ལྐོག་ཟ་ལྐོག་རྔན་ལེན་མཁན་གྱི་དཔོན་པོ་བཅའ་ཁྲིམས་ཀྱི་ཁྲིམས་རྒྱར་ཚུད་ཡོད། འོན་ཀྱང་ང་ཚོས་ཁོ་པ་ཚོར་ཁྲིམས་ཆད་ཕོག་པར་དགའ་བསུ་ཞུ་བའི་ཞོར་དུ་ང་ཚོས“ཉེས་པ་དང་ཆད་པ”ཁོ་ནར་བསམ་བློ་བཏང་ནས་མི་སྡོད་པར། དཔོན་ལ་ལ་གོ་གནས་འཛིན་པའི་སྐབས་སུ་ནོར་འཁྲུལ་གྱི་སྲིད་སྐྱོང་འདུ་ཤེས་དང་དབང་ཆ་སྤྱོད་པའི་བྱེད་ཐབས་ལའང་དོགས་ཟོན་དང་བསམ་བློ་གཏོང་དགོས་པ་ཞིག་ཡོད།

    དཔོན་ཞིག་བྱས་ནས་དམངས་ལ་བདེ་བ་སྐྲུན་པ་དང་མི་སེར་ཆེད་བྱ་བ་སྒྲུབ་ཚེ་གཞི་ནས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཐུབ། འོན་ཀྱང་གནས་དབྱུང་བཏང་བའི་དཔོན་དེ་དག་གིས་ལྐོག་ཟ་ལྐོག་རྔན་བླངས་པའི་དོན་ཕུད། སྲིད་སྐྱོང་གི་འདུ་ཤེས་ཀྱག་ཀྱོག་དང་རང་སྣང་གི་བྱེད་ཐབས་སྤྱད་དེ་མང་ཚོགས་དཀྱུས་མར་ཁག་པོ་བཟོས་ཡོད། ཉེ་དུས་གནས་དབྱུང་བཏང་བའི་དཔོན་དེ་དག་ནི་གསོན་ཉམས་ལྡན་པའི་ལྡོག་ཕྱོགས་ཀྱི་བསླབ་གཞི་ཞིག་ཡིན་ལ། ཁོང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་རྒྱབ་འགལ་བྱས་པ་དང“སྲིད་གསར”གྱི་ཕྱི་གོས་གྱོན་ནས་ཕྱི་ཚུལ་རིང་ལུགས་སྤེལ་གྱི་ཡོད། ལི་ཅན་ཡེ་ནན་ཅིང་གྲོང་ཁྱེར་གྱི་ཧྲེ་ཀྲང་བྱེད་སྐབས་རྣམ་གྲངས་བརྩོན་ལེན་དང་ལས་གྲྭ་བསྐྲུན་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་དང་གོ་གནས་འཕར་བྱེད་ཀྱི་ཐབས་ལ་བརྩིས་པར་བརྟེན་མི་རྣམས་ཀྱིས་ཁོ་པར“ཁང་པ་བཤིག་རྒྱུར་དགའ་བའི་ལི་ལགས”ཞེས་མིང་འདོགས་བཏགས་ཡོད།

    ཉི་ཧྥ་ཁའོ་ཡིས་ཝུའུ་ཧུའུ་རུ་གྲོང་ཁྱེར་འཛུགས་སྐྲུན་གྱི་འགན་འཁུར་སྐབས་ཁང་པ་བཤིག་རྒྱུ་དང་བསྐྲུན་རྒྱུར་དགའ་བར་བརྟེན“མཐེབ་དྲས་ཧྲེ་ཀྲང”ཞེས་མིང་འདོགས་བཏགས་ཡོད།

    གནས་དབྱུང་བཏང་བའི་དཔོན་དེ་དག་ནོར་འཁྲུལ་ཤོར་དོན་ནི། ཕྱོགས་གཅིག་ནས་ལྐོག་ཟ་ལྐོག་རྔན་ལེན་མཁན་དཔོན་པོ་དེ་དག་གིས་དབང་ཆ་དང་འགན་འཁྲིའི་འབྲེལ་བ་ཐག་གཅོད་ཡག་པོ་མ་བྱས་པའི་ཐོག་གོ་གནས་འཕར་རྒྱུ་དང་དབང་ཆ་གང་བྱུང་དུ་སྤྱོད་རྒྱུ་ཁོ་ནར་བསམ་བློ་གཏོང་བ་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་དེ་རྒྱུ་ནོར་འཕེལ་ཐབས་སུ་བརྩིས་པར་བརྟེན་མཐར་རང་སྡུག་རང་གིས་ཉོས་ཡོད། གཅིག་ཤོས་ནས་ལས་བྱེད་པ་ལ་ལ་ཁྲིམས་སྐྱོང་དང་མང་ཚོགས་དང་ཁ་འབྲལ་བ་དང་GDPའཕར་རྒྱུ་ཁོ་ནར་གཞོལ་བ་དང་སྲིད་སྐྱོང་བྱས་རྗེས་གཏོད་ཆེད་མི་སེར་གྱི་ཁེ་ཕན་རྩིས་མེད་དུ་བཏང་ཙང་ཡིན། ནོར་འཁྲུལ་གྱི་སྲིད་སྐྱོང་བྱས་རྗེས་ཀྱིས་སྲིད་ལ་མཇུག་འབྲས་ངན་པ་ཐོན་རྒྱུ་ལོས་ཡིན་ལ། ཏང་དང་སྲིད་གཞུང་གི་གཟུགས་བརྙན་མེད་པ་བཟོ་སྲིད།

    མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་བྱས་ཕྱིན་ཚིག་ངན་ཐོན་སྲིད། སེམས་ནང་མི་དམངས་མེད་ཚེ་སྒེར་སེམས་ལོས་ཀྱིས་ཆེ་རུ་འགྲོ་སྲིད། སྲིད་སྐྱོང་གི་འདུ་ཤེས་ཀྱག་ཀྱོག་དང་སྲིད་སྐྱོང་བྱས་རྗེས་ཁོ་ནར་བརྩོན་པའི་གནད་དོན་དེ་གནས་དབྱུང་བཏང་བའི་དཔོན་གྱི་ལུས་ཐོག་ཙམ་ཏུ་ཡོད་པའི་ནོར་འཁྲུལ་ཁོ་ན་མིན། གསར་འགོད་པས་གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་འགོ་ཁྲིད་ལས་བྱེད་པ་ལ་ལའི་སྲིད་སྐྱོང་གི་བསམ་བློ་ཁ་ཤས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འགལ་བ་དང་ཕྱི་ཚུལ་རིང་ལུགས་དང་སྲིད་སྐྱོང་བྱས་རྗེས་ཀྱི་འདུ་འགོད་ཁྱབ་ཁོངས་ངེས་ཅན་ནང་སྔར་བཞིན་གནས་པ་ཤེས་རྟོགས་བྱུང་ཡོད། དེ་དག་ལས་ས་གནས་ཁག་གཅིག་གི་ནོར་འཁྲུལ་གྱི་སྲིད་སྐྱོང་བསམ་བློ་དང་འཕེལ་རྒྱས་གཏོང་སྟངས་ད་དུང་སྒྱུར་མེད་པ་མངོན་ཡོད་ལ། མིག་སྔའི་སྲིད་སྐྱོང་བྱས་རྗེས་ཀྱི་དཔྱད་ཞིབ་ལམ་ལུགས་དང་མི་མཐུན་པའི་ཆ་ཡང་ཡོད་པ་གསལ་བཤད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།