དབུ་ཤོག>གསར་འགྱུར།
  • ང་ཚོས་གང་འདྲ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”དང་མཐུད་སྦྲེལ་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཡེ་ཤེས་རྒྱ་མཚོས།   |     སྤེལ་དུས།  2015-05-29

    རང་ལྗོངས་ཀྱིས“རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་འགྲོ་ལམ་ཆེན་པོ”གཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་འཚོལ་ཞིབ་ཧུར་ཐག་དང་མཐུད་སྦྲེལ་བྱེད་པའི་སྐབས་སུ་སྨྱན་སྦྱོར་གྱིས་མི་སེམས་ལ་སྐུལ་མ་ཐེབས་པའི་གནས་ཚུལ་སྤེལ་བ་སྟེ། ཉིན་ཤས་གོང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་བརྟག་དཔྱད་ཞིབ་འཇུག་སུའོ་དང་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་མངའ་རིས་ས་ཁུལ་སེང་གེ་ཁ་བབས་སྟོད་རྒྱུད་ཀྱི་ས་ཁུལ་དུ་མཉམ་འབྲེལ་ཐོག་གནའ་རྫས་བརྟག་ཞིབ་སྔོག་འདོན་ལས་དོན་སྤེལ་བའི་ནང་ད་བར་ལོ་1800ལྷག་ཙམ་སོང་བའི“བྱ་རིགས་དང་སྲོག་ཆགས་ཀྱི་རི་མོ་འཁོད་པའི་རྒྱལ་བློན་གྱི་གྱོན་གོས”ཤིག་རྙེད་པ་དེ་ཐོག་ནས་ས་ཁུལ་དེ་ཧན་ཅིན་རྒྱལ་རབས་སྐབས་དར་གོས་ལམ་བུའི་ཁོངས་སུ་གནས་པ་དང་སྐབས་དེ་དུས་མཚོ་བོད་ས་མཐོའི་ནུབ་རྒྱུད་ས་ཁུལ་གྱིས་དར་གོས་ལམ་བུ་བརྒྱུད་དེ་ནང་ས་དང་རིག་གནས་སྤེལ་རེས་དང་ཚོང་རྒྱག་རེས་བྱེད་པ་ར་སྤྲོད་བྱས་ཡོད།

    ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འཐབ་ཇུས་ཀྱི་གོ་སྐབས་དེར་བརྟེན་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གནང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“ཨེ་ཤེ་ཡ་ལྷོ་མའི་འགྲོ་ལམ་ཆེན་པོ་མགྱོགས་མྱུར་གཏོད་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”དང་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་མཐོངས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཧི་མ་ལ་ཡའི་དཔལ་འབྱོར་མཉམ་ལས་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་ཁ་གསལ་བཏོན་ཡོད།

    དོན་དངོས་ཐོག་ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་ལག་བསྟར་བྱ་རྒྱུ་དང་བོད་དང་མེས་རྒྱལ་ནང་སའི་ཁྲོམ་ར་ཆེ་མོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་མ་ལག་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས“རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་རྒྱལ་སྤྱིའི་འགྲོ་ལམ་ཆེན་པོ”གཏོད་རྒྱུ་དེ་ནི་རང་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་འཐབ་ཇུས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།