དབུ་ཤོག>གསར་འགྱུར།
  • གྲོང་ཁྱེར་སྟོབས་ཆེར་གཏོང་བར་སྔོན་ལ་སློབ་གསོར་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-29

    སློབ་གསོ་ནི་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་ཆེས་རྩ་བའི་བྱ་གཞག་ཅིག་ཡིན་པས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུའི་ཐད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་ལྡན་ཡོད། སློབ་གསོ་ནི་རྒྱལ་ཇུས་དང་དམངས་འཚོ་ཆེ་ཤོས་ཡིན། གྲོང་ཁྱེར་སྟོབས་ཆེར་གཏོང་བར་ངེས་པར་དུ་སྔོན་ལ་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ་དང་གྲོང་ཁྱེར་དར་རྒྱས་གཏོང་བར་ངེས་པར་དུ་སྔོན་ལ་ཤེས་ལྡན་པ་འཕེལ་རྒྱས་གཏོང་དགོས།

    ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ་དང་འགོ་འཛུགས་ས་མཐོ་པོའི་ཐོག་ནས་འཕེལ་རྒྱས་ཆུ་ཚད་སྔར་བས་མཐོ་རུ་གཏོང་བའི་འགག་རྩ་ནི་ཤེས་ལྡན་པར་དང་རྨང་གཞི་ནི་སློབ་གསོར་ཐུག་ཡོད། ང་ཚོས་སློབ་གསོ་སྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་དགོས་གཏུགས་བསམ་པ་དང་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་བཏང་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་གཞི་རྩའི་བླང་བྱར་བརྩིས་ཏེ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོའི་བྱ་བ་ལེགས་པར་སྒྲུབ་པ། ལྷ་སའི་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པ་གཏོད་དགོས། ང་ཚོས་ངེས་པར་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་སློབ་གསོའི་ཁྱད་ལྡན་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་དེ་རྒྱལ་ཡོངས་ཀྱི་ནུབ་རྒྱུད་མི་རིགས་ས་ཁུལ་དུ་སྐད་གྲགས་ཆོད་པ་དང་ཤུགས་རྐྱེན་ལྡན་པའི་ཕྱོགས་བསྡུས་སློབ་གསོའི་གྲོང་ཁུལ་ཞིག་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

    སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་ཐད་སྔོན་ལ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུའི་བཀོད་སྒྲིག་བྱེད་པ་དང་། ནོར་སྲིད་ཀྱི་མ་དངུལ་སྔོན་ལ་སློབ་གསོར་གཏོང་རྒྱུའི་འགན་ལེན་བྱེད་པ། སྤྱི་པའི་ཐོན་ཁུངས་ཀྱིས་སྔོན་ལ་སློབ་གསོའི་དགོས་མཁོ་སྐོང་བ། སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་སློབ་གསོའི་གྲོང་གི་ལེ་ལག་ཚང་བའི་འཛུགས་སྐྲུན་གང་མགྱོགས་བྱེད་པ་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས། ཚན་རིག་དང་མཐུན་པའི་སློབ་གསོ་སློབ་ཁྲིད་ཀྱི་ལྟ་བ་དང་སྤུས་ཚད་ལྟ་བ་བརྟན་པོར་འཛུགས་པ་དང་སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སློབ་གསོའི་ཁྱད་ལྡན་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་དགོས།

    ང་ཚོས་དགེ་རྒན་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ་དེར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་དགོས། སློབ་གསོ་ལུས་རྩལ་ཅུས་ཀྱིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གསོ་གོང་འཕེལ་གཏོང་ཆེད་ནུས་ལྡན་གྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་པ་དང་། དགེ་རྒན་གྲགས་ཅན་དང་། གྲགས་ཅན་སློབ་སྤྱི། རིག་ཚན་དང་མཐུན་པའི་སྣེ་ཁྲིད་པ་བཅས་འབོར་ཆེན་ཞིག་སྐྱེད་སྲིང་ཧུར་ཐག་བྱས་ནས་དགེ་རྒན་གྱི་བྱང་ཚད་ཧྲིལ་པོ་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་པ། དགེ་བཀུར་སློབ་བརྩི་དང་མཉམ་ཤུགས་གཅིག་སྒྲིལ་གྱི་སློབ་གསོ་དར་རྒྱས་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སློབ་གསོར་རྒྱབ་སྐྱོར་བྱེད་པ་དང་སློབ་གསོ་འཛུགས་གཉེར་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་ཀྱི་ཐོན་ཁུངས་སློབ་གསོར་ཞུགས་པའི་ཐབས་ལམ་རྒྱ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ལས་རིགས་ཁག་ལ་སློབ་གསོར་རོགས་སྐྱོར་བྱེད་པ་དང་། དགེ་རྒན་ལ་རམ་འདེགས་བྱེད་པ། སྦྱངས་འབྲས་ལེགས་པའི་དགེ་སློབ་ལ་བྱ་དགའ་སྤྲོད་པ་བཅས་བྱས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་སློབ་གསོ་དར་རྒྱས་གཏོང་བའི་ཁོར་ཡུག་བཟང་པོ་ཞིག་ཆགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།