དབུ་ཤོག>གསར་འགྱུར།
  • མི་དམངས་མང་ཚོགས“དཔྱད་འདེམས་པ”བྱེད་དུ་འཇུག་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-28

    ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་ཉིན་ཤས་གོང《རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་དགོས་པའི་སྐོར་གྱི་ཇུས་གཞི》པར་འགྲེམས་བྱས་ནས་2015ལོར་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བའི་ཐད་བཀོད་སྒྲིག་བྱས་ཡོད། དེ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་བ་ཞིག་ཡིན་ལ་ཏང་གི་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མང་ཚོགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་དོ་ཁུར་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་མི་དམངས་མང་ཚོགས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་མཁན་གྱི་དཔྱད་འདེམས་པར་གྱུར་བ་བྱེད་པ་དང་མང་ཚོགས་བློ་ཡིད་ཚིམ་ཚད་དེ་སློབ་སྦྱོང་གི་ཕན་འབྲས་ལ་ཚད་འཇལ་བྱེད་པའི་ཚད་གཞིར་བརྩིས་དགོས།

    “ནན་གསུམ་དྲང་གསུམ”ལ་དམ་འཛིན་ནན་པོ་བྱེད་པའི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་དཔྱིས་ཕྱིན་པ་བྱེད་པའི་ཆོད་སེམས་མཚོན་ཡོད། མིག་སྔར་སྤྱོད་ཚུལ་འཛུགས་སྐྱོང་དེ་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་དུས་སུ་སླེབས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་ངང་ལག་བསྟར་བྱེད་པ་དང་། སློབ་གསོ་ལག་ལེན་བྱེད་སྒོ་མི་སེམས་ལ་གཏིང་ཟབ་ཟུག་པ། “སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་པའི་ཕན་འབྲས་མངོན་གསལ་དོད་པ། མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་རིམ་བཞིན་ཐག་གཅོད་བྱུང་བ། ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་དེ་དོན་དངོས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ལ་འགྱུར་བ་བཅས་བྱུང་ཡོད་མོད། འོན་ཀྱང་སྤྱོད་ཚུལ་གྱི་གནད་དོན་ལ་བསྐྱར་ལོག་རང་བཞིན་དང་ངན་རེངས་རང་བཞིན་ལྡན་པས་དམ་འཛིན་བྱེད་སྐབས་ལེགས་སུ་འགྲོ་བ་དང་ལྷོད་གཡེང་བྱུང་ཚེ་བསྐྱར་ལོག་ཡོང་སྲིད། “ནན”པའི་ཚད་གཞི་དང“དྲང”བའི་བླང་བྱ་སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས“སྤྱོད་ཚུལ་བཞིར”ངོ་རྒོལ་བྱ་རྒྱུར་ལྷོད་གཡེང་མི་ཤོར་བ་དང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་མཚམས་མི་ཆད་པའི་འགན་ལེན་ཐུབ་ནས་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐུབ་པ་དང་མང་ཚོགས་ཀྱི་འདུན་པ་གསར་པ་སྐོང་ཐུབ།

    “ནན་གསུམ་དྲང་གསུམ”ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་གྱི་འདུ་ཤེས་འཛུགས་པ་དང“ནན་པོ”དང“དྲང་པོའི”བླང་བྱའི་དར་ཆ་གསལ་སྟོན་བྱེད་དགོས། “ནན་པོ”དང“དྲང་པོ”ནི་འབྲེལ་བ་ཟབ་པ་དང་གཅིག་རམ་གཅིག་འདེགས་ཀྱི་ནུས་ལྡན་གྱི་གཅིག་གྱུར་ཞིག་ཡིན། འགོ་ཁྲིད་ལས་བྱེད་པས་རང་ངོས་ཀྱི་འདུ་ཤེས་ཐད་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། རང་རྟོགས་ངང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལུགས་མཐུན་ངང་དབང་ཆ་བེད་སྤྱོད་བྱེད་པ། མི་བདེན་པ་བདེན་ཐུབ་ཅིག་བྱེད་པ། ཏན་ཏན་ཏིག་ཏིག་ངང་ལས་དོན་སྒྲུབ་པ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་། དམིགས་བསལ་དབང་ཆའི་བསམ་བློ། འགན་འཁྲི་ཁུར་མི་ཕོད་པ། འགན་འཁྲི་ཁུར་འདོད་མེད་པ་སོགས“ ནན་པོ་དང་དྲང་པོ་མེད་པའི” གནད་དོན་སྤངས་ཚེ་གཞི་ནས“ཕྱོགས་ཡོངས་བཞིའི”འཐབ་འཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རིང་ཁུར་དགོས་པའི་འགན་འཁྲི་ཁུར་ཐུབ།

    “ནན་གསུམ་དྲང་གསུམ”ལག་བསྟར་དོན་འཁྱོལ་བྱེད་པར་མང་ཚོགས་ཀྱིས་ཉེ་འགྲམ་གྱི་འགྱུར་ལྡོག་ཚོར་ཐུབ་པ་དང་མང་ཚོགས་ཀྱི་ལངས་ཕྱོགས་ཐོག་ནས“ནན་གསུམ་དྲང་གསུམ”གྱི་དགོངས་དོན་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པ་བྱས་ཏེ་མང་ཚོགས་ཀྱི་ལམ་ཕྱོགས་སྤྱད་དེ“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་དགོས། ཏང་སྲོལ་དྲང་པོ་ཡོད་མེད་དང་སྤྱོད་ཚུལ་ཡག་པོ་ཡོད་མེད་དེ་མང་ཚོགས་ཀྱིས་ཉེ་འགྲམ་གྱི་ལས་བྱེད་པ་དང་ཉེ་འགྲམ་གྱི་བྱ་བར་ལྟ་གི་ཡོད་སྟབས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ལྟ་སྐུལ་དང་དཔྱད་བསྡུར་རང་རྟོགས་ངང་དང་ལེན་བྱས་ཐོག་ལྷག་བསམ་རྣམ་དག་ངང་དམངས་ལ་ཞབས་འདེགས་ཞུ་བ་དང་། ལྷག་བསམ་ཟོལ་མེད་ངང་དམངས་ལ་ལྟ་སྟངས་འཛིན་པ། སེམས་རྩ་འཁོལ་པོས་དམངས་ལ་སྟབས་བདེ་བསྐྲུན་པ་བཅས་བྱ་སྤྱོད་ངོ་མའི་ཐོག་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ཐད་མི་དམངས་བློ་ཡིད་ཚིམ་པའི“སྐར་གྲངས་མཐོ་པོ”བརྩོན་ལེན་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད། “ནན་གསུམ་དྲང་གསུམ”ནི་འགོ་ཁྲིད་ལས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་བསླབ་བྱ་བྱས་པ་ཞིག་ཡིན། དེའི་ནང་རང་རྒྱལ་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་མི་སྒེར་གྱི་གཤིས་རྒྱུད་དང་ཆབ་སྲིད་བློ་གྲོས་ཀྱི་དྲང་ནུས་འདུས་ཡོད་པས་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་དང་ཡུན་རིང་འབད་བརྩོན་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་དངོས་འཛིན་དངོས་སྒྲུབ་ཐད་འབད་བརྩོན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ལ་དངོས་འབྲེལ་འགྱུར་ལྡོག་བཏང་ཚེ་གཞི་ནས་གང་དུ་དཔོན་གནས་འཁུར་བ་ན། དེ་གར་བདེ་བ་སྐྲུན་རྒྱུའི་འགན་འཁྲི་ཁུར་ཐུབ་པ་དང་ལོ་རྒྱུས་དང་། དུས་ཚོད། མི་དམངས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་དངོས་དངོས་རྗེན་རྗེན་གྱི་ལས་ཀའི་གྲུབ་འབྲས་ཐོབ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།