དབུ་ཤོག>གསར་འགྱུར།
  • དམིགས་བསལ་སློབ་གསོ་མུ་མཐུད་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ བསྟན་འཛིན་ཕུན་ཚོགས།   |     སྤེལ་དུས།  2015-05-27

    དམིགས་བསལ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་ནི་མི་རྩ་བར་འཛིན་པའི་འདུ་ཤེས་མཐའ་འཁྱོངས་དང་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་བྱ་ཐབས་གལ་ཆེན་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་འཛུགས་པའི་ལས་འགན་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་དམིགས་བསལ་སློབ་གསོའི་བྱ་གཞག་ཐད་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ནས་དམིགས་བསལ་སློབ་གསོའི་སློབ་གྲྭ་ཁག་གཅིག་སྡུད་ཐོག་བསྐྲུན་པས་དབང་པོ་སྐྱོན་ཅན་གྱི་སློབ་གསོའི་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་དམིགས་བསལ་སློབ་གསོ་འཕེལ་རྒྱས་མྱུར་པོ་བྱུང་ཡོད་ནའང་སྤྱི་ཡོངས་ཐད་འགོ་ཚུགས་ཕྱི་བ་དང་། སློབ་གཉེར་ཆ་རྐྱེན་ཞན་པ། དགེ་རྒན་དང་སླར་གསོའི་ཆེད་ལས་མི་སྣའི་ཆེད་ལས་ཆུ་ཚད་དམའ་བ་སོགས་ཀྱིས་རྐྱེན་པས་རང་ལྗོངས་ཀྱི་དམིགས་བསལ་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཕོག་གི་ཡོད།

    ན་ནིང་རང་སྐྱོང་ལྗོངས་ཀྱིས་བཏོན་པའི《བོད་རང་སྐྱོང་ལྗོངས〈དམིགས་བསལ་སློབ་གསོ་གོང་མཐོར་གཏོང་བའི་འཆར་གཞིའི(2014—2016ལོ)〉ལག་བསྟར་ཇུས་གཞི》བཏོན་པ་དང་དེའི་སྤྱི་ཡོངས་ཀྱི་དམིགས་ཚད་ནི་སློབ་གསོ་ཁྱོན་ཡོངས་ལ་སྐུལ་འདེད་བཏང་སྟེ་དབང་པོ་སྐྱོན་ཅན་བྱིས་པ་དང་ལོ་ཆུང་ཚང་མར་འཚམ་པའི་སློབ་གསོ་དང་ལེན་ཐུབ་པ་བྱ་རྒྱུ་དེ་རེད།

    དམིགས་བསལ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་སློབ་གསོའི་འཆར་འགོད་རྩ་འཛིན་དོན་འཁྱོལ་དང་མི་དམངས་བློ་ཡིད་འཚིམ་པའི་སློབ་གསོ་ཡག་པོ་གཉེར་བའི་ལས་འགན་གཙོ་བོ་ཞིག་ཡིན་སྟབས་སྲིད་གཞུང་གིས་དམིགས་བསལ་སློབ་གསོ་འཕེལ་རྒྱས་གཏོང་བའི་འགན་འཁྲི་སྔར་བས་ཆེ་རུ་གཏོང་བ་དང་འབྲེལ་ཡོད་སྡེ་ཚན་གྱིས་འཆར་གཞི་ལག་བསྟར་བྱ་རྒྱུར་གཞོགས་འདེགས་བྱེད་དགོས། སློབ་གསོ་སྡེ་ཚན་གྱིས་དམིགས་བསལ་སློབ་གསོ་འཆར་གཞིའི་ལག་བསྟར་ཇུས་གཞི་གཅིག་གྱུར་འཆར་འགོད་བྱས་ནས་དམིགས་བསལ་སློབ་གསོའི་ལས་དོན་གྱི་འགན་འཁུར་མཁན་སློབ་གྲྭར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་སྒྱུར་སྡེ་ཚན་གྱིས་དམིགས་བསལ་སློབ་གསོ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་སྟེ་དམིགས་བསལ་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ནོར་སྲིད་སྡེ་ཚན་གྱིས་དམིགས་བསལ་སློབ་གསོར་གཏོང་ཆའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་དམིགས་བསལ་སློབ་གསོའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། དམངས་སྲིད་སྡེ་ཚན་གྱིས་ཕན་བདེ་སྒྲིག་གཞིའི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་བྱིས་པའི་གསོ་སྐྱོང་ལས་དོན་ཡག་པོ་སྒྲུབ་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་གླ་ཆའི་ཐོབ་ཆ་འཐུས་ཚང་དང་དོན་འཁྱོལ་བྱེད་པ། འཕྲོད་བསྟེན་སྡེ་ཚན་གྱིས་དབང་པོ་སྐྱོན་ཅན་བྱིས་པ་དང་ལོ་ཆུང་གི་སྨན་བཅོས་དང་དྲག་སྐྱེད་ཞབས་ཞུ་ཡག་པོ་སྒྲུབ་པ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སློབ་ཞུགས་བྱས་མེད་པའི་ན་ལོན་དབང་པོ་སྐྱོན་ཅན་བྱིས་པ་དང་ལོ་ཆུང་གི་མིང་ངོ་མ་བཀོད་པའི་བརྟག་དཔྱད་ཐོ་འགོད་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་དབང་པོ་སྐྱོན་ཅན་བྱིས་པ་དང་ལོ་ཆུང་དྲག་སྐྱེད་སྦྱོང་བརྡར་དང་ཟུར་ཁྲིད་ཡོ་བྱད་བགོ་སྤྲོད་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་སོགས་བྱེད་དགོས།

    མདོར་ན། སྡེ་ཚན་ཁག་གིས་ངེས་པར་དུ་རང་ངོས་ཀྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ་དམིགས་བསལ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་ཕན་སྦྱར་ལས་གཞི་ཞིག་ལ་བརྩིས་ཏེ་དབང་པོ་སྐྱོན་ཅན་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་པོ་ཡོང་རྒྱུར་རོགས་རམ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།