དབུ་ཤོག>གསར་འགྱུར།
  • ​ ཨ་དམག་གི་གནམ་གྲུས་ཀྲུང་གོའི་མཚོ་འོག་གླིང་ཕྲན་འགྲམ་དུ་མྱུལ་ཞིབ་བྱས་པའི་དོན་དེར་དྲང་ནན་གྱི་སྐད་ཆ་བྱ་རྒྱུ་ཡིན་ཞེས་གསུངས་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-27

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་དམག་གི་གནམ་གྲུས་ཀྲུང་གོ་ཕྱོགས་ཀྱི་མཚོ་འོག་གླིང་ཕྲན་འགྲམ་དུ་མྱུལ་ཞིབ་བྱས་པའི་བྱེད་སྤྱོད་དེ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་དང་འགན་མི་འཁུར་བའི་དོན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་དོན་དེའི་ཐད་ཨ་རི་ཕྱོགས་དང་དྲང་ནན་གྱི་སྐད་ཆ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཧྭ་ཁྲུན་ཡིང་གིས་ཨ་དམག་གི་གནམ་གྲུས་ཀྲུང་གོ་ཕྱོགས་ཀྱི་མཚོ་འོག་གླིང་ཕྲན་འགྲམ་དུ་མྱུལ་ཞིབ་བྱེད་པའི་བྱེད་སྤྱོད་དེས་ཚོད་ནོར་དང་རྒྱ་མཚོའི་མཁའ་ལམ་དུ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐོན་བཟོ་ཡོད། དེ་ནི་ཉེན་ཁ་ཧ་ཅང་ཆེ་བ་དང་འགན་མི་འཁུར་བའི་བྱེད་སྤྱོད་ཅིག་ཡིན། ཨ་རི་ཕྱོགས་ཀྱིས་སྙད་བརྐོ་བའི་བྱེད་སྤྱོད་དེ་རིགས་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་དོན་དེའི་ཐད་ཨ་རི་ཕྱོགས་དང་དྲང་ནན་གྱི་སྐད་ཆ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་དོན་བློན་ཆེན་གྱི་ལས་རོགས་ལ་སེར་སོགས་དཔོན་རིགས་ཀྱིས་ལྷོ་མཚོར་སྤེལ་བའི་ཀྲུང་གོའི་བྱ་སྤྱོད་ཀྱིས་དྲང་གཞག་ངང་རྩོད་གཞི་ཐག་གཅོད་བྱ་རྒྱུ་དང་མཁའ་སྐྱོད་ཀྱི་རང་དབང་རྩ་དོན་ལ་འགྲན་སློང་བྱས་ཡོད། ཨ་རིའི་མཚོ་དམག་གིས་རྩ་དོན་དེ་དག་སྲུང་སྐྱོབ་བྱ་རྒྱུ་དང་ཨ་རིའི་མཚོ་དམག་གི་དམག་གྲུ་དང་གནམ་གྲུས་རྒྱལ་སྤྱིའི་རྒྱ་མཚོ་དང་མཁའ་ལམ་ཁུལ་དུ་མཚོ་སྐྱོད་དང་འཕུར་སྐྱོད་བྱེད་པའི་དབང་ཆ་མུ་མཐུད་སྤྱོད་རྒྱུ་ཡིན་ཞེས་བཤད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དོན་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་གསར་འགོད་པས་འདྲི་བ་བཏོན།

    ཧྭ་ཁྲུན་ཡིང་གིས“དུས་ཡུན་རིང་པོའི་ནང་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་ཁྲིམས་ལ་གཞིགས་ནས་ལྷོ་མཚོར་མཚོ་སྐྱོད་དང་འཕུར་སྐྱོད་བྱེད་པའི་རང་དབང་ལ་གནད་དོན་གང་ཡང་ལྷག་མེད་ལ། ཕྱིས་སུ་ཡང་གནད་དོན་ལྷག་མི་སྲིད”ཅེས་གསུངས་པ་རེད།

    ཁོང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལྷོ་མཚོར་མཚོ་སྐྱོད་དང་འཕུར་སྐྱོད་བྱེད་པའི་རང་དབང་དང་བདེ་འཇགས་ལ་མཐོང་ཆེན་དང་སྲུང་སྐྱོབ་བྱེད་ཀྱི་ཡོད། འོན་ཀྱང་མཚོ་སྐྱོད་དང་འཕུར་སྐྱོད་ཀྱི་རང་དབང་དེ་ཕྱི་རྒྱལ་གྱི་དམག་གྲུ་དང་གནམ་གྲུས་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་ནས་རྒྱལ་ཁབ་གཞན་གྱི་ཁྲིམས་མཐུན་དབང་ཆ་དང་དེ་བཞིན་མཁའ་འགྲུལ་དང་མཚོ་སྐྱོད་བདེ་འཇགས་སྣང་མེད་དུ་གཏོང་བ་དང་གཅིག་པ་གཏན་ནས་མིན་ཞེས་གསུངས་པ་རེད།

    ཧྭ་ཁྲུན་ཡིང་གིས“ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོབ་བྱེད་པའི་སྙིང་སྟོབས་དེ་བྲག་རྡོ་ལྟར་ཡིན། ཨ་རི་ཕྱོགས་ཀྱིས་བློ་རིག་རང་ཚོད་ཟིན་ནས་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་འགན་མི་འཁུར་བའི་བྱེད་སྤྱོད་དེ་རིགས་སྤེལ་མཚམས་འཇོག་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།