དབུ་ཤོག>གསར་འགྱུར།
  • མེ་མདའ་བརྒྱབ་ནས་མི་རྒྱུད་ནག་པོའི་མི་གསོད་མཁན་ཨ་རིའི་ཉེན་རྟོག་པར་ནག་ཉེས་མེད་པའི་ཁྲིམས་ཐག་བཅད་པར་རྒོལ་གཏམ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-27

        2012ལོར་ཨ་རིའི་ཨེ་ཧའེ་ཨེ་ཀྲོའུ་ཡི་ཁེ་ལི་ཕུའུ་ལན་གྲོང་ཁྱེར་གྱི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱུད་ཀྱི་བཟའ་ཚོ་གཉིས་ལ་མེ་མདའ་བརྒྱབ་ནས་བསད་དེ་ཉེས་དོན་ཞུ་གཏུག་ཕོག་པའི་མི་རྒྱུད་དཀར་པོའི་ཉེན་རྟོག་པ་ཕུའུ་ལའེ་ལོའོ་ལ་ཚེས་23ཉིན་ནག་ཉེས་མེད་པའི་ཁྲིམས་ཐག་བཅད་པ་རེད། ཁྲིམས་ཐག་དེར་ས་གནས་དེ་གར་གཞི་ཁྱོན་ཆུང་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པ་རེད། རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་གྱིས་ཁེ་ལི་ཕུའུ་ལན་གྱི་ཁྲོམ་གཞུང་གཙོ་བོར་ཁྲིམས་འཛིན་གཞུང་དྲང་མིན་འདུག་ཅེས་རྒོལ་གཏམ་བཏང་བ་དང་། ས་གནས་དེ་གའི་ཉེན་རྟོག་པས་རྔམ་སྟོན་བྱེད་མཁན་ཁ་ཤས་འཛིན་བཟུང་བྱས་པ་རེད།

    ལ་སའར་དང་ཝུའེ་ལན་སིས་2012ལོའི་ཟླ་11ཚེས་29ཉིན་གྱི་མཚན་མོར་རླངས་འཁོར་བཏང་ནས་ཁེ་ལི་ཕུའུ་ལན་གྲོང་ཁྱེར་ཉེན་རྟོག་ཅུས་རྒྱུད་སྐབས་རླངས་འཁོར་གྱི་སྒུལ་བྱེད་འཕྲུལ་འཁོར་ལ་སྐྱོན་ཤོར་ཤིང་། ཉེན་རྟོག་པས་དེ་མེ་མདའི་སྒྲ་རེད་སྙམ་ནས་སྐོར་གཡེང་རླངས་འཁོར་62བཏང་ནས་རྗེས་འདེད་བཏང་བ་དང་ཁོང་གཉིས་ཐབས་ཤེས་མེད་པར་རླངས་འཁོར་ཁ་བཀག་རྗེས་པུའུ་ལའེ་ལུའོ་ཚུད་པའི་ཉེན་རྟོག་པ་13གྱིས་སྐར་ཆ་10ཡི་དུས་ཚོད་ནང་ཁོང་གཉིས་ལ་མེ་མདའ་ཐེངས་137བརྒྱབ་སྟབས་ཁོང་གཉིས་ཤི་བ་རེད།

    དེ་རྗེས་ཉེན་རྟོག་པ་13གྱི་ཁྲོད་ནས་པུའུ་ལའེ་ལུའོ་གཅིག་པུར་ཞུ་གཏུག་ཕོག་པ་རེད། ཞིབ་དཔྱོད་ཕྱོགས་ཀྱིས་པུའུ་ལའེ་ལུའོ་ཡིས་ལ་སའར་གྱི་རླངས་འཁོར་སྒུལ་བྱེད་འཕྲུལ་འཁོར་གྱི་ཁེབས་ཐོག་འཛེགས་ནས་རླུང་འགོག་ཤེལ་སྒོའི་ཕྱོགས་སུ་ཉེན་ཁ་གང་ཡང་བཟོས་མེད་པའི་ལ་སའར་དང་ཝུའེ་ལན་སིར་སླར་ཡང་མེ་མདའ་ཐེངས་15བརྒྱབ་པས་ལོགས་སུ་ཞུ་གཏུག་ཕོག་ཡོད། ཁྲིམས་དཔོན་ཕྱོགས་ཀྱིས་ཚེས་23ཉིན་ནག་ཉེས་མེད་པའི་ཁྲིམས་ཐག་བཅད་དོན་ནི“པུའུ་ལའེ་ལུའོ་ཡིས་སྲོག་ལ་ཐུག་པའི་མེ་མདའ་བརྒྱབ་པའི་དཔང་རྟགས་མེད་པས་ཡིན”ཞེས་བཤད།

    ཁྲིམས་ཐག་ཡོངས་བསྒྲགས་བྱས་ནས་ཡུན་རིང་མ་སོང་བར། ཨ་རིའི་ཁྲིམས་འཛིན་པུས་གྱོད་གཞི་དེར་སླར་ཡང་ཞིབ་དཔྱད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཨ་རིའི་ཁྲིམས་འཛིན་པུས་2014ལོར་གྲོང་ཁྱེར་དེའི་ཉེན་རྟོག་ཅུས་ལ་བརྟག་དཔྱད་བྱས་ནས་གྲོང་ཁྱེར་དེའི་ཉེན་རྟོག་ཅུས་ལ་གཏུམ་སྤྱོད་ཁྲིམས་འཛིན་གྱི་སྣང་ཚུལ་ཡོངས་ཁྱབ་ངང་གནས་པ་དང་། སྲོག་གཅོད་པའི་མཚོན་ཆ་སྤྱད་དྲགས་པ་དང་འབྲེལ་དོགས་ཡོད་མི་སྣར་འཁོན་ལན་སློག་པའི་ཁྲིམས་འཛིན་བྱེད་སྤྱོད་སྤྱད་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།