དབུ་ཤོག>གསར་འགྱུར།
  • དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་ལ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་76.7བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-24

     ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་ལས་དོན་དཔྱད་བརྗོད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་ལ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་76.7བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་11.7%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་24ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་18%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་45ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་13%འཕར་ཡོད། དུས་ཚིགས་དང་པོའི་དཔལ་འབྱོར་དམིགས་ཚད་གཙོ་བོར་བལྟས་ན། དཔལ་འབྱོར་འགོ་འཛུགས་བརྟན་ལ་འཁོར་སྐྱོད་དེ་སྔོན་དཔག་ལས་ཡག་པ་ཡོད་པ་རེད།  

    དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་དཔྱིད་རྨོད་དཔྱིད་གྲབས་བདེ་བླག་ངང་སྤེལ་ནས་སྔོན་དཔག་བྱས་ན་འདི་ལོ་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་49.28ཟིན་རྒྱུ་དང་། སྔོ་ཚལ་ཐོན་སྐྱེད་བྱས་ཚུལ་ཅུང་ལེགས་པོ་ཡོད་པ་དང་སྔོན་དཔག་བྱས་ན་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་2.24ཟིན་ནས་ཐོན་ཚད་ཏུན་ཁྲི་4ཙམ་ཟིན་རྒྱུ། འབྲོག་ལས་ཐོན་སྐྱེད་བྱེད་ཚུལ་ཅུང་ལེགས་པོ་ཡོད་པ་དང་ལུ་གུ་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་ལས་དོན་ཁྱོན་ཡོངས་ནས་སྤེལ་བས་སྔོན་དཔག་བྱས་ན་ཕྱུགས་ཕྲུག་མགོ་གྲངས་ཁྲི་12.65སྐྱེ་རྒྱུ་དང་ཕྱུགས་རིགས་དང་ཁྱིམ་བྱ་མགོ་གྲངས་ཁྲི་5.8བཤས་གཏོང་རྒྱུ། 

    བཟོ་ལས་དཔལ་འབྱོར་འཕར་ཚད་བརྟན་པོ་ཡོད་པ་དང་སྔོན་དཔག་བྱས་ན་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་5.66ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་25%འཕར་རྒྱུ། འཛད་སྤྱོད་བརྟན་པོ་འཕར་རྒྱུར་རྒྱུན་འཁྱོངས་ཐུབ་ནས་སྔོན་དཔག་བྱས་ན་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་45ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་13%འཕར་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བརྟན་པོའི་ངང་འཕར་བ་དང་སྔོན་དཔག་བྱས་ན་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་20ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་13.2%འཕར་རྒྱུ་རེད།

    ཕྱི་ཕྱོགས་བྱ་གཞག་ཐད་དམངས་འཚོ་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཞིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་་གྲངས་1674གསར་དུ་ལས་ཞུགས་ཐུབ་པ་བྱས་པ་དང་ལས་ཞུགས་ལས་གནས་1702གསར་གཏོད་བྱས་པ་དང་ཞིང་འབྲོག་པའི་ངལ་རྩོལ་ནུས་ཤུགས་མི་ཐེངས་8415གཞན་སྒྱུར་བྱས་པས་ཡོང་འབབ་སྒོར་ཁྲི་1683བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.2%ནང་ཚུན་དུ་ཚོད་འཛིན་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མ་ཐུབ་པའི་ཁྱིམ་ཚང་ཐོན་རིམ་བཞིན་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་རྒན་གསོ་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ། ལས་བཟོའི་སྨན་བཅོས་འགན་བཅོལ། ལས་བཟོའི་བུ་བཙའ་འགན་བཅོལ། ལས་རྨས་འགན་བཅོལ། ལས་ཤོར་འགན་བཅོལ་བཅས་ཀྱི་ནང་ཞུགས་མཁན་མུ་མཐུད་འཕར་ཡོད་པ་རེད།

    སྤྱི་ཚོགས་སྐྱོབ་རོགས་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱིས་ཁྱོན་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དུད་ཚང་9100ལ་འགན་བཅོལ་དངུལ་སྒོར་ཁྲི་2118.24དོན་འཁྱོལ་བྱས་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང་7444ལ་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི་767.85དོན་འཁྱོལ་བྱས་ཤིང་། རིམ་རྩིས་བརྒྱབ་ན་མི་གྲངས་2321ལ་སྐྱོར་རོགས་བྱས་ཡོད། སྨན་བཅོས་སྐྱོབ་རོགས་མ་དངུལ་སྒོར་ཁྲི་1199.68དོན་འཁྱོལ་བྱས་ནས་འགན་ལེན་ལྔའི་རྒན་རྒོན་1260ལ་བསྙེན་བཀུར་མ་དངུལ་སྒོར་ཁྲི་147.5སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།