དབུ་ཤོག>གསར་འགྱུར།
  • དུང་དོར་གྲོང་ཚོ་འཕེལ་རྒྱས་ལམ་དུ་ཞུགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-22

    ཉེ་ཆར། གསར་འགོད་པ་རླངས་འཁོར་ནང་བསྡད་དེ་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་དུང་དོར་གྲོང་ཚོར་སླེབས་སྐབས་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཤིན་ཏུ་གཙང་བ་དང་། མཛེས་སྡུག་ལྡན་པའི་སྡོད་ཁང་གསར་པ་གཞུང་ལམ་གཡས་གཡོན་གཉིས་སུ་གྲལ་སྟར་སྒྲིག་པོས་ཆགས་པ། གྲོང་ཚོའི་ནང་གི་སྲང་ལམ་ཚང་མ་སྣུམ་ནག་ལམ་ཡིན་པ་སོགས་ལྟ་ན་སྡུག་པའི་མཛེས་ལྗོངས་དེ་མིག་ལམ་དུ་འཆར།

    དུང་དོར་གྲོང་ཚོར་དུད་ཚང་བརྒྱའང་ཟིན་གྱི་མེད་མོད། འོན་ཀྱང་བོད་རིགས་དང་། རྒྱ་རིགས། ལྷོ་པ་རིགས། མོན་པ་རིགས་བཅས་ཡོད་པ་ཚང་མ་མཛའ་མཐུན་མཉམ་གནས་ངང་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། པད་མ་དབང་མོ་དང་ཧྥུའུ་ཏུའུ་ཧྥང་གི་ཁྱིམ་ཚང་ཡང་དེའི་ཁྲོད་དུ་གནས། པད་མ་དབང་མོ་ད་ལོ་ལོ་34ལ་སླེབས་པ་དང་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་ཤིག་ཡིན། ཁོང་ལོ་17ལ་སླེབས་སྐབས་ཧུའུ་ནན་ཧོའེ་ཧྭ་ནས་ཡིན་པའི་ཧྥུའུ་ཏུའུ་ཧྥང་དང་ངོ་ཤེས།

    “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བས་འཚོ་བའང་ལེགས་སུ་ཕྱིན་སོང་། ཁང་པ་གསར་པ་རྒྱག་པར་ཞིང་ལས་དངུལ་ཁང་ནས་དངུལ་བུན་གཡར་ཆོག་པའི་ཁར་རྒྱལ་ཁབ་ཀྱིས་ད་དུང་ང་ཚོར་སྐྱེད་གསབ་སྤྲོད་པ་དང་ཤང་སྲིད་གཞུང་གིས་ཀྱང་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྒོར་12000སྤྲོད་ཀྱི་ཡོད”ཅེས་པ་དེ་ནི་གསར་འགོད་པ་དང་པད་མ་དབང་མོ་ཁ་བརྡ་གློད་སྐབས་ཁོང་གིས་བཤད་པའི་སྐད་ཆ་དང་པོ་དེ་རེད།

    “ཧྥུའུ་ཏུའུ་ཧྥང་སྨན་གླིང་གྲོང་རྡལ་དུང་དོར་གྲོང་ཚོར་སླེབས་ནས་ཡུད་ཙམ་ཞིག་ལ་ལོ་བཅུ་ཕྲག་ཁ་ཤས་སོང་ཞིང་། ཁོང་ཉིང་ཁྲིར་སླེབས་མ་ཐག་པའི་སྐབས་གྲོང་ཚོའི་ནང་གི་མི་དང་འབྲེལ་འདྲིས་ཆེ་བ་དང་སེམས་རྩ་འཁོལ་བའི་ཁར་དཀའ་ལས་རྒྱག་ཐུབ་མཁན་ཞིག་རེད་འདུག”ཅེས་པད་མ་དབང་མོས་འདས་ཟིན་པའི་བདེ་སྐྱིད་ལྡན་པའི་འཚོ་བ་དྲན་གསོ་བྱེད་བཞིན་ཁོང་གི་མི་ཚེའི་མྱོང་བ་གླེང་།

    ལོ་བཅུ་ལྷག་ཙམ་ནང་པད་མ་དབང་མོ་དང་ཧྥུའུ་ཏུའུ་ཧྥང་གིས་ཡིད་ཆེས་བརྟན་པོས་ཕྱུག་འགྱུར་ལམ་བུ་འཚོལ་བ་དང་དཀའ་ངལ་ལ་མི་འཛེམ་པར་གང་སར་འཕེལ་རྒྱས་ཀྱི་ཁོར་ཡུག་འཚོལ་མྱོང་བ་སྟེ། རླངས་འཁོར་ཉམས་གསོ་ཁང་དང་། ཙག་ཙིག་ཚོང་ཁང་། བྱ་གསོ་ར་བ་བཅས་བཙུགས་མྱོང་བ་མ་ཟད། བོགས་གཏོང་རླངས་འཁོར་དང་སྐྱེལ་འདྲེན་རླངས་འཁོར་ཡང་གཏོང་མྱོང་ཡོད། ཧྥུའུ་ཏུའུ་ཧྥང་གིས“ལས་ཀ་སྣ་ཚོགས་བྱེད་མྱོང་མོད། འོན་ཀྱང་དཀའ་ལས་དེ་ཙམ་མ་བྱུང་། ཁྱིམ་མི་ཚང་མས་མཉམ་དུ་འབད་འཐབ་བྱས་པ་ཕུད་རྒྱལ་ཁབ་ཀྱིས་ཀྱང་ཕྱོགས་ཁག་ཐད་མ་དངུལ་ཐོག་ནས་རོགས་རམ་བྱས་བྱུང”ཞེས་གསར་འགོད་པར་བཤད།

    བྱས་པ་ཅན་ལ་གྲུབ་འབྲས་ཐོབ་ཅེས་པ་ལྟར་དཀའ་སྤྱད་ཀྱི་རྔུལ་ཆུ་ལས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཅིང་། ད་ཆ་པད་མ་དབང་མོས་མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་བཟོ་གྲྭ་ཞིག་བཙུགས་པ་དང་འབྲེལ། 2013ལོར་གྲོང་ཚོའི་ནང་གི་དུད་ཚང་གཞན་དག་གསུམ་དང་མཉམ་དུ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གཉེར་བར་ལོ་རེར་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་ཁ་ཤས་ཟིན་ནས་གྲོང་ཚོའི་ནང་གི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཡོད།

    འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་ལས་པད་མ་དབང་མོ་དང་ཧྥུའུ་ཏུའུ་ཧྥང་ཁྱིམ་མི་ཚོའི་མི་ཚེའི་བརྩོན་ལེན་དང་འབད་འཐབ་ལ་ཤུགས་རྐྱེན་ཐེབས་མེད། ཁོང་ཚོས་ཁྱིམ་དར་ཕྱུག་འགྱུར་བྱེད་པ་དང་དུས་མཚུངས་གྲོང་མི་ཚོར་རོགས་རམ་དང་སྣེ་ཁྲིད་བྱས་ཏེ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད།  

    གྲོང་ཚོ་ཨུ་ལྷན་གྱི་ལས་བྱེད་པ་ཡིན་པའི་པད་མ་དབང་མོས“མི་གཅིག་ཕྱུག་པོར་གྱུར་པ་ཕྱུག་པོ་མ་ཡིན་པ་དང་གྲོང་ཚོ་ཡོངས་ཕྱུག་པོར་གྱུར་ཚེ་ཕྱུག་པོ་ཡིན་པའི”གནས་ལུགས་དེར་ངོས་འཛིན་གང་ལེགས་ཐུབ་ཡོད། ཁོང་གིས“ཁྱིམ་ཚང་གཅིག་གི་ཆ་རྐྱེན་ལ་ཚད་ཡོད་པས་མི་གཞན་ལ་རོགས་རམ་དེ་ཙམ་ཆེན་པོ་བྱེད་ཐུབ་ཀྱི་མེད་སྟབས་མཉམ་ལས་ཀྱི་རྣམ་པ་བརྒྱུད‘དར་རྒྱས་རི་གྲོང’ཞེས་པའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དེ་གཉེར་བ་དང་། སླད་ཕྱིན་རྒྱས་སྐྲུན་བྱས་ནས་ངལ་རྩོལ་ནུས་ཤུགས་དེ་བས་མང་བ་དེའི་ནང་ཞུགས་རྒྱུར་ཡིད་དབང་བཀུག་ནས་ཡོང་འབབ་འཕར་བ་བྱ་རྒྱུ་ཡིན”ཞེས་གསར་འགོད་པར་བཤད།

    གྲོང་ཚོ་ཉིན་རེ་བཞིན་མཛེས་སུ་འགྲོ་བ་དང་འཚོ་བའང་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད། སྔོན་ལ་ཕྱུག་པོ་ཆགས་མཁན་ཚོས་རྗེས་སུ་ཕྱུག་པོ་ཆགས་མཁན་ལ་སྣེ་ཁྲིད་བྱས་པ་ལས་ལྟ་བའི་ཐོག་ནས་འགྱུར་ལྡོག་སོང་བ་དང་ལག་རྩལ་ཐོག་ནས་གསར་བརྗེ་བྱུང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དུང་དོར་གྲོང་ཚོའི་ཞིང་སར་རེ་བས་ཁེངས་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།