ཉེ་ལམ་ལོ་ཤས་རིང་དང་ལྷག་དོན་དུ་ཉེ་བའི་ལོ་གཅིག་གཉིས་ནང་ཁྲེང་ཀོན་ཆུས་ཀྱིས་གཞུང་བཙུགས་བུ་བཅོལ་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཡོད། གཞུང་བཙུགས་བུ་བཅོལ་ཁང་བསྐྲུན་རྗེས་མང་ཚོགས་ཀྱི་བུ་ཕྲུག“བུ་བཅོལ་ཁང་དུ་ཞུགས་དཀའ་བ་དང་གཞུང་བཙུགས་བུ་བཅོལ་ཁང་དུ་ཞུགས་དཀའ་བའི”དགོས་མཁོ་བསྐངས་བས་མང་ཚོགས་ཚོས་དེའི་ཐད་བསྔགས་བརྗོད་ཆེན་པོ་བྱེད་པ་དང་ཏང་དང་སྲིད་གཞུང་གིས་སླར་ཡང་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་ཆེན་པོ་ཞིག་བསྒྲུབས་སོང་ཞེས་ཚང་མས་བསྔགས་བརྗོད་བྱེད་ཀྱི་ཡོད་པས་ཁྲེང་ཀོན་ཆུས་ཀྱི་ཉམས་མྱོང་དེ་དཔེར་འཛིན་འོས་པ་དང་ཁྱབ་གདལ་གཏོང་འོས་པ་ཞིག་རེད། ཡིན་ནའང་སྨྱུག་འཛིན་པས་བལྟས་ཚེ་སྤུས་ཚད་མཐོ་བའི་བྱིས་པའི་སློབ་གསོའི་ཐོན་ཁུངས་ལ་འཛིན་པའི་མང་ཚོགས་ཚོའི་དགོས་མཁོ་སྐོང་རྒྱུ་དེ་གཞུང་བཙུགས་བུ་བཅོལ་ཁང་ཁ་ཤས་བསྐྲུན་པས་ཐག་གཅོད་ཐུབ་ཀྱི་མེད།
དེའང་བུ་བཅོལ་ཁང་གི་དགེ་རྒན་གསོ་སྦྱོང་བྱ་ཤུགས་ཆེ་རུ་བཏང་ནས་བུ་བཅོལ་ཁང་གི་དགེ་རྒན་གྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་དགོས། མིག་སྔར་རང་ལྗོངས་ཀྱིས་ཤང་གྲོང་བུ་བཅོལ་ཁང་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་ཤང་གྲོང་ཚང་ མར་བུ་བཅོལ་ཁང་གསར་དུ་བསྐྲུན་རྒྱུ་རེད། འོ་ན་ཤང་གྲོང་བུ་བཅོལ་ཁང་གི་དགེ་རྒན་གང་ནས་བཀོད་སྒྲིག་བྱེད་དགོས་སམ། དགེ་རྒན་མང་དག་ཅིག་སློབ་ཆུང་དགེ་རྒན་ནས་ལས་སྒྱུར་བྱེད་དགོས་ཀྱི་ཡོད།
གཞན་ཡང་ཉེ་ལམ་ལོ་ཤས་རིང་བསྡུས་པའི་དགེ་རྒན་གྱི་གནས་ཚུལ་ལ་བལྟས་ཚེ་བྱིས་པའི་སློབ་གསོའི་ཆེད་ལས་མིན་པ་མང་པོ་ཡོད་པས་ལས་སྒྱུར་བྱས་པའི་དགེ་རྒན་དང་གསར་དུ་བསྡུས་པའི་དགེ་རྒན་གསོ་སྦྱོང་བྱ་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་ཡིན་པ་མ་ཟད། ལས་དོན་སྤེལ་ཤུགས་ཀྱང་མཐོ་རུ་གཏོང་དགོས་ཀྱི་ཡོད།
བུ་བཅོལ་ཁང་གི་དགེ་རྒན་གྱི་ཐོབ་ཐང་མཐོ་རུ་འོས་འཚམ་བཏང་ནས་ཕུགས་བསམ་ལྡན་པའི་གཞོན་ནུ་མང་དག་སློབ་ཞུགས་གོང་གི་སློབ་གསོའི་བྱ་གཞག་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས། བུ་བཅོལ་ཁང་གི་དགེ་རྒན་གྱི་ཐོབ་ཐང་མཐོ་རུ་འོས་འཚམ་གཏོང་རྒྱུ་དེ་ཁོང་ཚོའི་ལས་ཀའི་ཧུར་སེམས་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད།
དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་གོ་ནོར་སེལ་དགོས། མིག་སྔར་མང་ཚོགས་མང་པོ་ཞིག་གིས་སློབ་ཞུགས་གོང་གི་སློབ་གསོར་གོ་ནོར་ཐེབས་ཀྱི་ཡོད། མང་ཚོགས་ཚོས་བུ་བཅོལ་ཁང་ནི་ཕྲུ་གུར་ཡི་གེ་དང་ཨང་རྩིས་སློབ་སར་ངོས་འཛིན་བྱེད་པ་དང་བུ་བཅོལ་ཁང་དེ་སློབ་ཆུང་སློབ་གསོར་ངོས་འཛིན་གྱི་ཡོད། ངོས་འཛིན་དེ་རིགས་ནི་ནོར་འཁྲུལ་ཞིག་ཡིན་པས་ང་ཚོས་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་བཏང་ནས་གོ་ནོར་དེ་རིགས་སེལ་དགོས།