ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་ནས་གནོད་འཚེ་ཕོག་རྗེས་ཀྱི་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་དུས་རིམ་གལ་ཆེར་སླེབས་ཡོད། ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་སླར་ཡང་མཛུབ་སྟོན་གལ་ཆེན་གནང་སྐབས“གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ལེགས་པར་སྒྲུབ་དགོས”ཞེས་ནན་བཤད་གནང་ཡོད། ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་གནོད་འཚེ་ཕོག་ཁུལ་མི་དམངས་ཀྱི་རེ་བའི་མདུན་དུ་ང་ཚོས་དགོས་གཏུགས་ཀྱི་སེམས་པ་དང་། འགན་འཁྲིའི་སེམས་པ། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། དོན་དངོས་དང་བསྟུན་ནས་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་འདོམས་ལེགས་པར་བྱེད་དགོས།
གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལེགས་པར་སྒྲུབ་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱ་རྒྱུ་དེ་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་འཕྲལ་དང་ཕུགས་ཀྱི་འཚོ་བ་དང་། གནོད་འཚེ་ཕོག་ཁུལ་གྱི་ཕུགས་ཀྱི་འཕེལ་རྒྱས། རང་ལྗོངས་འདི་ཉིད་རྒྱལ་ཡོངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ནས་སྐྲུན་ཐུབ་པ་བྱེད་པའི་ཁྱོན་ཡོངས་བཅས་དང་འབྲེལ་བ་ཡོད། ང་ཚོས་གནོད་འཚེ་ཕོག་ཁུལ་གྱི་དམངས་འཚོ་དང་འབྲེལ་བ་ཡོད་པའི་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་གྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་། རང་བྱུང་ས་ཁམས། སྣོད་བཅུད་ཁོར་ཡུག མི་རིགས་ཆོས་ལུགས་རིག་གནས་སོགས་དངོས་ཡོད་གནས་ཚུལ་དང་བསྟུན་ནས་སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་དཔྱད་གཞིར་བཟུང་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་གི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་རྒྱུ་དང་ཕྱོགས་མཚུངས་གནོད་འཚེ་ཕོག་རྗེས་བསྐྱར་སྐྲུན་གྱི་དུས་འགོའི་ལས་དོན་དམ་འཛིན་བྱས་ནས་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ཕྱོགས་ཡོངས་ནས་འགོ་འཛུགས་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས།
གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཕྱོགས་ཡོངས་ནས་འགོ་འཛུགས་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཧ་ཅང་གལ་ཆེན་པོ་རེད། ངེས་པར་དུ་ས་ཡོམ་གྱི་གནོད་འཚེའི་གྱོང་གུན་སྒོ་ཀུན་ནས་ཚོད་སྐོར་བྱེད་དགོས། ད་རེས་ནེ་པ་ལར་ས་ཡོམ་ཤུགས་དྲག་ཆེ་བ་དང་། རིམ་པ་མཐོ་བ། ཤུགས་རྐྱེན་ཐེབས་རྒྱ་ཆེ་བ་བཅས་ལ་བརྟེན་རང་ལྗོངས་སུ་ཡང་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱོང་གུན་ཚབས་ཆེན་བཟོས་ཡོད། གྱོང་གུན་ཚོད་སྐོར་བྱ་རྒྱུ་ནི་གནོད་འཚེ་ཕོག་རྗེས་བསྐྱར་སྐྲུན་གྱི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པས་འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་། ལག་བསྟར་དམ་ཟབ། རིགས་པས་ཁུངས་སྐྱེལ་གང་ལེགས་བཅས་བྱས་ནས་ལས་དོན་དེ་མིག་སྔའི་ཡོམ་འགོག་གེགས་སེལ་གྱི་གཙོ་གནད་དུ་བརྩི་དགོས། རྒྱལ་ཁབ་ཀྱི“4·25”ས་ཡོམ་གནོད་འཚེའི་ཚོད་སྐོར་ཚོགས་ཆུང་དང་གཞོགས་འདེགས་དམ་ཟབ་བྱས་ནས་བསྡོམས་རྩིས་དབྱེ་ཞིབ་དང་། ས་གནས་ས་ཐོག་ཏུ་བརྟག་དཔྱད། རྒྱང་ཚོར་ཆ་འཕྲིན་དབྱེ་ཞིབ། མཉམ་འཛོམས་གྲོས་མོལ་ཞིབ་འཇུག་སོགས་ཀྱི་བྱ་ཐབས་སྤྱད་ནས་གནོད་འཚེའི་ཁྱབ་ཁོངས་དང་གནོད་འཚེའི་གྱོང་གུན་ཚོད་སྐོར་འཕྱུགས་པ་མེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་པར་སྒྲུབ་པ་དང་། ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁའི་རང་བཞིན་ཚོད་སྐོར་ལེགས་པར་བྱེད་པ། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ཚོད་སྐོར་ལེགས་པར་བྱེད་པ་བཅས་བྱས་ནས་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་འཆར་འགོད་བཟོ་རྒྱུར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས།
ངེས་པར་དུ་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་དགོས། འཕྲལ་དང་ཕུགས་དང་། འཚོ་བ་དང་ཐོན་སྐྱེད། དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་བཅས་སྤྱི་འདོམས་བྱེད་པ་དང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་འཐབ་ཇུས་ནང་ཚུད་ཐུབ་པ་བྱས་ནས་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་གསར་པ་དང་ཟུང་འབྲེལ་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན་དང་ཟུང་འབྲེལ། དབུལ་སྐྱོར་གསར་སྤེལ་དང་ཟུང་འབྲེལ། འགག་སྒོ་འཛུགས་སྐྲུན་དང་ཐོན་ལས་མཉམ་བསྡུ་དང་ཟུང་འབྲེལ། རིག་དངོས་སྲུང་སྐྱོབ་དང་་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཟུང་འབྲེལ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་མ་ལག་གི་འཆར་འགོད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་འགོད། སྤྱི་པའི་ཞབས་ཞུ་དང་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་འགོད། སྣོད་བཅུད་ཉམས་གསོའི་འཆར་འགོད། ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག་དང་ཐོན་ལས་ལེགས་སྒྲིག་གི་འཆར་འགོད། ཁྲོམ་རའི་ཞིབ་བཤེར་མ་ལག་གི་འཆར་འགོད། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འཆར་འགོད་སོགས་ཚུད་པའི་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་སྤྱི་ཡོངས་འཆར་འགོད་འགོ་ཚུགས་ས་མཐོ་བ་དང་ཚད་གཞི་མཐོན་པོའི་སྒོ་ནས་བཟོས་ཏེ་ཕུགས་ཀྱི་འཆར་འགོད་དང་ཞིབ་ཕྲའི་འཛུགས་སྐྲུན་བརྒྱུད་མི་མངོན་པའི་ལེགས་ཆ་སྔོག་འདོན་དང་དགེ་མཚན་མངོན་ཐུབ་པ་བྱས་ཏེ་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཆགས་པ་དང་སྟོབས་ཆེར་བཏང་ནས་གནོད་འཚེ་ཕོག་ཁུལ་གྱི་རང་རང་སོ་སོའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་མང་ཚོགས་ཀྱི་བྱེད་པོ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་ཡིན་པ་དང་། ཐམས་ཅད་མང་ཚོགས་ལ་ཡིད་ཆེས་བྱེད་པ། ཐམས་ཅད་མང་ཚོགས་ལ་བརྟེན་པ་བཅས་ནི་ཏང་དང་སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་བབས་ས་དང་། ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་རེད། མང་ཚོགས་ཀྱི་བློ་གྲོས་ནི་རྫོགས་མཐའ་མེད་པ་ཞིག་རེད། གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དེ་ཆེས་ཐད་ཀ་དང་ཆེས་ཞིབ་ཕྲའི་མང་ཚོགས་ཀྱི་ལས་དོན་ལ་བརྩི་བ་དང་། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་ཁྲིད་སྟོན་དུ་བཅས་བྱས་ནས་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱིས་ཐོན་སྐྱེད་སླར་གསོ་དང་གནོད་འཚེ་ཕོག་རྗེས་བསྐྱར་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ། གཉིས་ལྡན་དུད་སྦྲེལ་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་མཐུན་སྦྱོར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲིད་ཇུས་དང་བྱ་ཐབས་ཞིབ་ཕྲ་བཟོས་ཏེ་སླར་གསོ་བསྐྱར་སྐྲུན་གྱི་ཞིབ་ཕྲའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་དཀའ་ཚེགས་ཆེ་བའི་ལས་འགན་ང་ཚོའི་མདུན་དུ་གནས་ཡོད། གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལེགས་པར་སྒྲུབ་པར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་དགོས་ལ་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་ཀྱང་འདོན་སྤེལ་གང་ལེགས་བྱས་ཏེ་སྒུག་བརྟེན་མི་བྱེད་པ་དང་དཀའ་སྒྲུབ་དངོས་སྒྲུབ་ཀྱིས་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ལེགས་པར་བསྒྲུབས་ནས་ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས།