དབུ་ཤོག>གསར་འགྱུར།
  • དར་དམར་གྱིས་མི་ཁྲི་སྟོང་མང་པོའི་སེམས་པ་གཅིག་ཏུ་བསྒྲིལ།

  •     སྤེལ་དུས།  2015-05-17

    ཉི་འོད་རབ་ཏུ་འཚེར་བའི་ཞོགས་པ་དིང་རི་རྫོང་རོང་ཤར་ཤང་སློབ་ཆུང་གི་གནས་སྐབས་སློབ་ཁྲིད་སླར་གསོ་བྱ་ཡུལ་དུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་རྒྱལ་གླུའི་སྒྲ་དང་བསྟུན་ནས་རིམ་བཞིན་བསྒྲེངས།

    “4·25”ས་ཡོམ་ཆེན་པོ་བརྒྱབ་རྗེས་མི་ཚོའི་འཚོ་བ་ས་ཡོམ་མ་བརྒྱབ་གོང་བཞིན་སླར་གསོ་ཡོང་བཞིན་ཡོད་ཀྱང་ཡོངས་སུ་གཅིག་པ་མིན་པ་སྟེ། རོང་ཤར་ཙམ་མ་ཟད་སྐྱིད་གྲོང་དང་། གཉའ་ལམ། བསམ་གྲུབ་རྩེ་རྒྱ་ལུང་རོང་། ལྷ་རྩེ་སོགས་གེགས་རྗེས་ཀྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་མི་ཚོས་སྐར་ལྔའི་དར་དམར་བསྒྲེངས་བ་མཐོང་སྐབས་རང་དབང་མེད་པར་འགྲོ་མཚམས་བཞག་ནས་ཅེ་རེར་ལྟ།

    དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ཉིན་མཚན་དེ་དག་མི་ཚོའི་ཡིད་ལ་ལྷམ་མེར་འཆར། ཁྱིམ་མཚེས་རྒྱལ་ཁབ་ནང་བྱུང་བའི་ས་ཡོམ་ཆེན་པོ་དེས་རི་བོ་ཧི་མ་ལ་ཡའི་དབུས་རྒྱུད་ས་ཁུལ་གྱི་ཁང་པ་ཞིག་པ་དང་། མང་ཚོགས་ལ་གནོད་འཚེ་བྱུང་བ། རི་ཉིལ་བ། ལམ་འགག་་པ། འཕྲིན་གཏོང་ཆད་པ་སོགས་བྱུང་ཡོད།

    ལེ་དབར་སྟོང་གི་སར་ཁྱབ་པའི་གནོད་འཚེ་དེས་ཏང་ཀྲུང་དབྱང་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཀའ་རྒྱ་བཏང་རྗེས་ཏང་སྲིད་དམག་ཉེན་དམངས་ལས་གྲུབ་པའི་གེགས་སེལ་དམག་དཔུང་སྟོབས་ཆེན་གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ནས་ལྗོངས་ཏང་ཨུད་ཀྱི་བཀའ་རྒྱར་ནན་ཏན་ངང་གཞིགས་ཏེ་གེགས་སེལ་འཕྲལ་སྡོམ་གྱི་སྔོན་ཇུས་ལག་ལེན་བསྟར་འགོ་བརྩམས།

    ཁོང་ཚོའི་ཁྲོད་དམག་མི་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། ལས་བྱེད་པ། སྨན་པ། བཟོ་པ་སོགས་ཡོད་པ་རེད།

    ཉིན་བཅུ་ལྷག་ཙམ་རིང་གེགས་སེལ་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་གྱོང་གུན་ཕོག་ཚད་ཚད་གཞི་དམའ་ཤོས་སུ་གཏོང་གང་ཐུབ་བྱས་པ་དང་ཞོར་སྐྱོན་གནོད་འཚེའི་གྱོང་གུན་ཡང་ཚད་གཞི་དམའ་ཤོས་སུ་བཏང་ཡོད། བྱ་སྤྱོད་མགྱོགས་པ་དང་། ཕན་འབྲས་ཐོན་ནུས་ཆེ་བ། གྲུབ་འབྲས་མངོན་གསལ་དོད་པ་ལས་རང་རེའི་རྒྱལ་ཁབ་ཀྱི་གནོད་སྐྱོབ་མ་ལག་འཐུས་སྒོ་ཚང་བ་གང་ལེཌ་མངོན་ཡོད།

    སྐབས་དེར་དར་དམར་གྱིས་མི་ཁྲི་སྟོང་མང་པོའི་སེམས་པ་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་སྟོབས་ཤུགས་ཆེན་པོ་ཞིག་འཛམ་གླིང་ཡང་རྩེར་མངོན་ཡོད།

    ས་ཡོམ་ཆེན་པོ་རྒྱག་སྐབས་ཁོང་ཚོས་རང་སྲོག་བློས་གཏོང་རྒྱུར་མ་འཛེམས་པ།

    ཟླ་4ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་11ཐོག་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་གཞུང་ལམ་བདག་སྐྱོང་དུམ་བུར་རང་སྐྱོང་ལྗོངས་གཞུང་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཟང་པོས་གཞིས་རྩེ་གཞུང་ལམ་ཡན་ལག་ཅུས་ཀྱི་འགོ་ཁྲིད་དང་ལས་བྱེད་པའི་རྟོག་ཞིབ་གནད་དོན་ཐད་སྤེལ་རེས་བྱེད་བཞིན་ཡོད། གློ་བུར་དུ་རི་ཉིལ་ས་གས་དང་། ཁང་པ་འགུལ་བ། རྦབ་རྡོ་ལྷུང་བ། འཁོར་རིགས་ཆེ་ཆུང་གི་སྒྲ་ནམ་མཁར་གྲགས་པ་ལས་མི་ཚང་མར་ས་ཡོམ་ཆེན་པོ་རྒྱག་པའི་ཚོར་སྣང་བྱུང་ཡོད།

    གནོད་འཚེའི་གནས་ཚུལ་ནི་བཀའ་རྒྱ་ཡིན། ས་ཡོམ་བརྒྱབ་རྗེས་མིའི་སྲོག་སྐྱོབ་རྒྱུ་ནི་ཨང་དང་པོ་རེད། མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་མིའི་ཚེ་སྲོག་སྐྱོབ་པར་གཞུང་ལམ་ཤར་བགྲོད་ཐུབ་རྒྱུ་ནི་འགག་རྩའི་ནང་གི་འགག་རྩ་དེ་རེད། ལྷག་པར་དུ་རི་བོ་ཧི་མ་ལ་ཡའི་རྒྱུད་ཀྱི་རི་མཐོ་ལ་གཅོང་རོང་གཟབ་པས་གཞུང་ལམ་ཉེན་སེལ་ཤར་བགྲོད་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་ལ་དཀའ་ཚེགས་ཆེ་བ་ཞིག་ཀྱང་རེད།

    ཡོམ་ཡོམ་གྱི་ཚོར་སྣང་བྱུང་བའི་གེགས་ཁུལ་གྱི་གཞུང་ལམ་བདག་སྐྱོང་ལས་བཟོས་མྱུར་དུ་ཡོམ་འགོག་གེགས་སེལ་བྱས་ནས་གཞུང་ལམ་ཤར་བགྲོད་ཐུབ་པ་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་གལ་ཆེའི་ནང་གི་འགངས་ཆེར་གྱུར།

    ཆུ་ཚོད་14དང་སྐར་མ་20སྟེ་ས་ཡོམ་བརྒྱབ་རྗེས་ཀྱི་སྐར་མ་དགུ་ཙམ་དུ་གཉའ་ལམ་གཞུང་ལམ་བདག་སྐྱོང་སྒོ་རའི་ནང་། བཟང་པོས་གཉའ་ལམ་གྱི་གཞུང་ལམ་བདག་སྐྱོང་ལས་བཟོ་སྒྲིག་འཛུགས་བྱས་ནས་འཐབ་ས་དང་པོའི་གཞུང་ལམ་འཕྲལ་སྡོམ་ཉེན་སེལ་གྱི་གནས་སྐབས་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ས་གནས་ས་ཐོག་གི་ལམ་བུ་ཤར་གཏོང་ཐུབ་རྒྱུར་གཞོལ།

    སྐར་མ་ཉི་ཤུའི་རྗེས་གཉའ་ལམ་གཞུང་ལམ་བདག་སྐྱོང་ལས་བཟོ་ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་གཉིས་ཀྱིས་གཉའ་ལམ་རྫོང་གྲོང་ནས་གཞིས་རྩེ་དང་འགྲམ་གྲོང་རྡལ་ཕྱོགས་སུ་རྐང་ཐང་མར་བསྐྱོད་དེ“4·25”ཡོམ་འགོག་གེགས་སེལ་གྱི་འགྲིམ་འགྲུལ་གཞུང་ལམ་འཕྲལ་སྡོམ་མྱུར་བཟོའི་ལས་དོན་དངོས་སུ་སྤེལ་འགོ་བརྩམས།

    དེ་དང་ཕྱོགས་མཚུངས་གཉའ་ལམ་རྫོང་ནས་སྤྱི་ལེ་780ཡིས་བར་ཐག་ཆོད་པའི་ལྷ་ས་གྲོང་ཁྱེར་དུ་གནས་པའི་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འགོ་ཁྲིད་གཙོ་བོས་སྣེ་འཁྲིད་པའི་གཞུང་ལམ་འཕྲལ་སྡོམ་ཉེན་སེལ་ཤར་བགྲོད་ལས་དོན་འགོ་ཁྲིད་ཚོགས་ཆུང་འཕྲལ་མར་བཙུགས་པ་དང་ཆབས་ཅིག་ དེའི་གཤམ་འོག་ཏུ་ཕྱོགས་བསྡུས་མཐུན་སྦྱོར་དང་། མྱུར་བཟོ་ཤར་བགྲོད་འགན་ལེན། སྐྱེལ་འདྲེན་འགན་ལེན་དང་རྒྱབ་ཕྱོགས་འགན་ལེན་བཅས་ཀྱི་ཚོགས་ཆུང་བཙུགས་པ་མ་ཟད། ཚོགས་ཆུང་ཁག་ལྷ་ས་ནས་རྡོག་ཐོན་བྱས་ཏེ་མཚན་མོ་དེ་རང་དུ་གེགས་ཁུལ་དུ་བསྐྱོད།

    ལེ་དབར་སྟོང་གི་སར་གནས་པའི་པེ་ཅིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་པུས་རིམ་བཞིའི་འཕྲལ་སྡོམ་དང་ལེན་ཞུས་ནས་ས་གནས་ཀྱི་འགྲིམ་འགྲུལ་མྱུར་བཟོ་ཤར་བགྲོད་འགན་ལེན་སྐྱེལ་འདྲེན་དཔུང་ཁག་དང་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་ཁག་ལས་གྲུབ་པའི་གེགས་སེལ་རུ་ཁག་གིས་ཕན་ཚུན་གཞོགས་འདེགས་དམ་ཟབ་བྱས་ཏེ་རིགས་གཅིག་མཁས་པའི་ཚོགས་ཆུང་ཡང་འཐབ་ས་དང་པོར་མངགས།

    རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་གཅིག་གྱུར་མཐུན་སྦྱོར་འོག་ལྷོ་ཁ་དང་། ཉིང་ཁྲི། ལྷ་ས་སོགས་གེགས་ཁུལ་དང་བར་ཐག་ཉེ་བའི་ས་གནས་དང་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་མྱུར་བཟོ་ཤར་བགྲོད་འགན་ལེན་གྱི་དཔུང་ཁག་གཅིག་རྗེས་གཉིས་མཐུད་ངང་མངགས་ནས་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་དཔུང་ཁག་གི་དཔོན་དམག་དང་མཉམ་དུ་འཕྲལ་མ་ཉིད་དུ་གེགས་ཁུལ་དུ་བསྐྱོད།

    ས་ཡོམ་སྐབས་ཉེན་སེལ་ཤར་བགྲོད་འགན་ལེན་སྟོབས་ཤུགས་ཁག་གིས་བྱ་སྤྱོད་མགྱོགས་པོ་སྤེལ་བ་དང་། འཕྲལ་དུ་མི་སྐྱོབ་པ། དུས་ཚོད་དམ་འཛིན་གྱིས་ས་གནས་ས་ཐོག་ཏུ་སྐོར་ཞིབ་བྱེད་པ། དུས་ཚོད་དམ་འཛིན་གྱིས་གེགས་སེལ་ཇུས་གཞི་བཟོས་པ། དུས་ཚོད་དམ་འཛིན་གྱིས་རྦབ་རྡོ་གཙང་སེལ་བྱེད་པ། དུས་ཚོད་དམ་འཛིན་གྱིས་གེགས་སེལ་དངོས་པོ་དབོར་བ་སོགས་བྱས་ཡོད།

    དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ལས་དོན་སྒྲུབ་ཤུགས་རིམ་གྱིས་ཆེ་རུ་བཏང་།

    ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་དང་བར་ཐག་སྤྱི་ལེ་100ལྷག་ཙམ་ལས་མེད་པའི་གཉའ་ལམ་རྫོང་འགྲམ་གྲོང་རྡལ་དང་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་ས་ཡོམ་བརྒྱབ་རྗེས་གཞན་ཡུལ་དུ་ཡོད་པའི་མི་ཚོར་སེམས་ཁྲལ་ཆེན་པོ་བྱུང་། གྲོང་རྡལ་གཉིས་པོ་ཡོམ་ལྟེ་དང་ཐག་ཉེ་ཁར་ས་ཡོམ་གྱི་གནོད་འཚེ་ཕོག་ཚབས་ཆེ་ཤོས་སུ་གྱུར་པ་དང་ལྷག་པར་དུ་འགྲམ་གྲོང་རྡལ་འདི་ཉིད་རི་ཆེན་གཉིས་ཀྱི་དབར་གནས་པས་ཞོར་སྐྱོན་ཆེན་པོ་བྱུང་ཡོད། ལམ་འགག་པ་དང་འཕྲིན་གཏོང་ཆད་རྐྱེན་ཕྱི་ནས་ཡོང་བའི་གནོད་སྐྱོབ་དཔུང་ཁག་ཡོང་མི་ཐུབ་པ་དང་ནང་གི་ཆ་འཕྲིན་ཡང་ཕྱིར་གོ་རྒྱུ་མེད་པར་གྱུར་སྟབས་འགྲམ་གྲོང་རྡལ་དེ་ཉིད་རེ་ཞིག“ཁེར་ཆགས་གླིང་ཕྲན”དུ་གྱུར།

    ཟླ་4ཚེས་26ཉིན་གྱི་ཆུ་ཚོད་20དང་སྐར་མ་50ཐོག་རྒྱལ་ལམ་318ལ་གནས་པའི་གཉའ་ལམ་རྫོང་གྲོང་ནས་ཡར་ལས་ཤང་བར་གྱི་ལམ་དུམ་ཤར་བགྲོད་རགས་ཙམ་ཐུབ་པ་དང་གཞིས་རྩེ་ནས་གཉའ་ལམ་རྫོང་བར་གྱི་གནོད་སྐྱོབ་ལམ་བུའང་ཤར་བགྲོད་ཐུབ་ཡོད།

    ཟླ་4ཚེས་28ཉིན་གྱི་ཆུ་ཚོད་18ཐོག་འགྲམ་གྲོང་རྡལ་དུ་བསྐྱོད་པའི་ཚེ་སྲོག་ལམ་བུ་ཤར་གཏོང་རགས་ཙམ་ཐུབ་པ་དང་། ཆུ་ཚོད་19ལ་ཤར་བགྲོད་ཐུབ་ནས་ཆུ་ཚོད་གཅིག་ལས་སོང་མེད་པའི་འགྲམ་གྲོང་རྡལ་གྱི་གཞུང་ལམ་ཁག་བཞི་ལ་རི་ཉིལ་ཡོད།

    ཟླ་4ཚེས་29ཉིན་གྱི་ཆུ་ཚོད་14དང་སྐར་མ་30ལ་གཉའ་ལམ་ནས་འགྲམ་གྲོང་རྡལ་གྱི་ལམ་དུམ་བུ་བསྐྱར་དུ་བཤངས་ནས་འགྲིམ་འགྲུལ་ལས་དོན་གྱི་གཙོ་གནད་དེ་ལམ་ངོས་རྒྱ་ཆེར་གཏོང་བ་དང་ཤར་བགྲོད་འགན་ལེན་དུས་མཚམས་སུ་བསྒྱུར་འགོ་ཚུགས།

    ཟླ་4ཚེས་30ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོར་འགྲམ་གྲོང་རྡལ་གྱི་རྨས་མ་དང་མང་ཚོགས་4300ཚང་མ་གནས་སྤོ་བྱས།

    དེ་གོང་སྐྱིད་གྲོང་རྫོང་གྲོང་ནས་སྐྱིད་གྲོང་གྲོང་རྡལ་དུ་བསྐྱོད་པའི“ཚེ་སྲོག་ལམ་བུ”ཡང་ཤར་བགྲོད་ཐུབ་ཡོད།

    ད་ཆ་འགྲམ་གྲོང་རྡལ་དུ་བསྐྱོད་པའི་ལམ་བུ་དེ་ཤར་བགྲོད་འགན་ལེན་གྱི་དུས་མཚམས་སུ་སླེབས་པ་དང་གནོད་འཚེ་ཕོག་རྗེས་གངས་ཆར་སོགས་ཀྱི་ཞོར་སྐྱོན་གནོད་འཚེའི་དབང་གིས་འདམ་རྡོའི་ཆུ་རུད་ཡང་ཡང་ཐོན་པ་དེས་ལམ་དུམ་བུ་དེ་དག་ཤར་བགྲོད་འགན་ལེན་ཐུབ་རྒྱུར་སྔར་བཞིན་དཀའ་ངལ་ཆེ་བར་གྱུར།

    ཟླ་5ཚེས་10ཉིན་གཏམ་བཟང་ཁྱབ། དྲག་ཆས་ཉེན་རྟོག་དཔུང་སྡེ་དང་རང་ལྗོངས་ཀྱི་གཞུང་ལམ་བདག་སྐྱོང་ལས་བཟོ་ཚོས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཉིན་13འགག་པའི་སྐྱིད་གྲོང་གྲོང་རྡལ་ནས་སྐྱིད་གྲོང་འགག་སྒོའི་བར་གྱི་ལམ་དུམ་བུ་དེ་ཚེས་8ཉིན་ཤར་གཏོང་རགས་ཙམ་ཐུབ་པ་དང་ཚེས་10ཉིན་གྱི་དགོང་མོ་ཤར་བགྲོད་འགན་ལེན་ཐུབ་ཡོད། ཚེས་11ཉིན་གེགས་སེལ་དངོས་པོ་དང་འཕྲུལ་ཆས་ཆེ་རིགས་སྔ་རྗེས་སུ་འགག་སྒོར་འབྱོར་ཡོད།

    མཇུག་ཏུ་རང་ལྗོངས་ཀྱི“4·25”ས་ཡོམ་ཆེན་པོའི་གནོད་འཚེ་ཕོག་པའི་གེགས་ཁུལ་གྱི་ལམ་དུམ་བུ་ཡོངས་རྫོགས་ཤར་བགྲོད་ཐུབ་པ་དང་ཚེ་སྲོག་གནོད་སྐྱོབ་ལམ་བུ་ཡོངས་ཤར་གཏོང་ཐུབ་ཡོད།

    གེགས་ཁུལ་གྱི་ལམ་བུ་ཤར་བགྲོད་ཐུབ་པ་དེས་གནོད་སྐྱོབ་སྟོབས་ཤུགས་དང་དངོས་པོ་དུས་ཐོག་ཏུ་སྐྱེལ་འདྲེན་ཐུབ་ཡོད། ཟླ་5ཚེས་10ཉིན་བར་རང་ལྗོངས་ཀྱིས་ཁྱོན་གནོད་སྐྱོབ་སྟོབས་ཤུགས་མི་ཐེངས་ཁྲི་5.8དང་འཁོར་རིགས་དང་འཕྲུལ་ཆས་ཐེངས་གྲངས་2700ཙམ་བཏང་བ་དང་། གེགས་ཁུལ་གྱི་འཕྲིན་གཏོང་སྦྲེལ་ཚུགས་འཁོར་སྐྱོད་རྒྱུན་གཏན་བྱུང་བ། གནོད་སྐྱོབ་དངོས་པོ་གོ་རིམ་ལྡན་པའི་ངང་གེགས་ཁུལ་དུ་འབྱོར་ནས་འགན་ལེན་ནུས་ལྡན་ཐུབ་ཡོད།

    རང་བྱུང་གནོད་འཚེ་ལས་རྣམ་པར་རྒྱལ་ཆེད་ཁོང་ཚོས་གདོང་མཆོང་བྱས།

    ཟླ་4ཚེས་26ཉིན་གྱི་ཐོ་རེངས་ཆུ་ཚོད་3པར་སྐྱིད་གྲོང་ཕྱོགས་སུ་སྐྱོད་པའི་གུང་ཐང་ལ་མོར་གངས་རླུང་ལྡང་སྐབས་གཞིས་རྩེ་མེ་ཟོན་ཉིང་ལག་རུ་ཁག་གནོད་སྐྱོབ་རླངས་འཁོར་རུ་ཁག་གེགས་ཁུལ་དུ་བསྐྱོད་བཞིན་ཡོད།

    གཞིས་རྩེ་མེ་ཟོན་ཉིང་ལག་རུ་ཁག་མེ་ཟོན་ཁྲུའུ་ཡི་ཁྲུའུ་ཀྲང་སྟོབས་ལགས་ཀྱིས་ང་ཚོ་མི་30ས་ཡོམ་བརྒྱབ་རྗེས་འཕྲལ་མར་སྐྱིད་གྲོང་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་པ་ཡིན། གངས་ལྷགས་ཆེ་ཡང་་རླངས་འཁོར་དུ་བསྡད་དེ་ལམ་བར་དུ་ང་ཚོ་ཆུ་ཚོད་10ཙམ་ཕྱིན་རྗེས་སྐྱིད་གྲོང་རྫོང་གྲོང་དུ་འབྱོར་བར་ད་དུང་སྤྱི་ལེ་30ལྷག་ཙམ་འདུག ང་ཚོ་ནི་སྔོན་མངགས་རུ་ཁག་ཡིན་པ་དང་རྗེས་མཐུད་དཔུང་སྡེའང་ཡོང་བཞིན་ཡོད་ཅེས་བཤད།

    ཚེ་སྲོག་ཨང་དང་པོ་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོ་ཡིན་པ་ནི་བཀའ་རྒྱ་ཡིན་ལ་དེ་བས་བྱ་སྤྱོད་ཀྱང་རེད། ཡོམ་འགོག་གེགས་སེལ་གྱི“དུས་ཚོད་ཡག་ཤོས་ཆུ་ཚོད་72”ཀྱི་སྐར་ཆ་རེ་རེ་ཙམ་ཡང་བརྩོན་ལེན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། གེགས་སེལ་དཔུང་ཁག་སྟོབས་ཆེན་གྱིས་གཤིན་རྗེ་དང་འཐབ་པའི་སེམས་ཤུགས་དང་། བློ་སྟོབས། བྱ་སྤྱོད་ངོ་མ་བཅས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་གྱི་སྲུང་ཡོལ་བསྐྲུན་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དེ་མཐའ་དག་ལས་ལྷག་པར་བརྩི་བའི་ཏང་དང་སྲིད་གཞུང་གི་དམིགས་ཡུལ་མཚོན་པར་བྱས་ཡོད།

    རྦ་རླབས་དྲག་ཏུ་འཕྱུར་བ་དང་ས་འགུལ་རི་གཡོ་གང་བྱུང་རུང་མི་དམངས་མང་ཚོགས་ཚོའི་མིག་ལམ་དུ་ཐོག་མར་འཆར་བ་ནི་ང་ཚོའི་གཅེས་པར་འོས་པའི་མི་དམངས་བུ་ཕྲུག་དམག་རེད།

    ས་ཡོམ་དྲག་པོ་བརྒྱབ་རྗེས་བོད་དམག་ཁུལ་ཁང་གི་དཔོན་དམག་ཆིག་སྟོང་ལྷག་ཙམ་གྱིས་བཀའ་ལྟར་ཉིན་མཚན་བལྟོས་མེད་ངང་གཞིས་རྩེའི་གེགས་ཁུལ་དུ་རོགས་སྐྱོར་དུ་བསྐྱོད། ཚེས་25ཉིན་གྱི་ཆུ་ཚོད་22བར་རྨས་མ་100ལྷག་ཙམ་མྱུར་སྐྱོབ་བྱས་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་2500ཙམ་བཀོད་སྒྲིག་བྱས་ཡོད།

    གནོད་འཚེ་ཐོན་རྗེས་བོད་དམག་ཁུལ་ཁང་གིས་འཕྲལ་མར་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་བཙུགས་ནས་གཞིས་རྩེ་དམག་ཁུལ་ཡན་ལག་ཁང་ལ་དཔོན་དམག་དང་གྲ་སྒྲིག་དམག་ཞབས་མི་སྣ་1050དང་དེ་བཞིན་རླངས་འཁོར་75དང་ལས་གྲྭའི་རླངས་འཁོར་12གེགས་ཁུལ་དུ་གཏོང་དགོས་པའི་བཀའ་བཏང་ཡོད། དེ་དང་ཆབས་ཅིག་བཅིངས་འགྲོལ་དམག་སྨན་ཁང་ཨང་8པ་ནས་ཆེད་ལས་སྨན་དོན་མི་སྣ་60ཟུར་འཐེན་བྱས་ཏེ་ཁག་གཉིས་ལ་བགོས་ནས་གེགས་ཁུལ་དུ་བཏང་ཡོད།

    ཟླ་4ཚེས་26ཉིན་གྱི་ཐོ་རེངས་སུ་གཞིས་རྩེ་དམག་ཁུལ་ཡན་ལག་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། བོད་སྡོད་ཐོན་ཞིག་གིས་དཔོན་དམག་200ལྷག་ཙམ་ལས་གྲུབ་པའི་དཔུང་རུ་ཨང་གཉིས་པས་གུར་སོགས་གེགས་སེལ་ཡོ་བྱད་འཁྱེར་ནས་གངས་རླུང་ལ་མི་འཛེམས་པར་འགྲམ་གྱི་ས་ཡོམ་གེགས་ཁུལ་དུ་བསྐྱོད་ཡོད། ས་ཡོམ་གེགས་ཁུལ་དུ་བཅིངས་འགྲོལ་དམག་གི་དཔོན་དམག་དང་གེགས་ཁུལ་མང་ཚོགས་ཀྱིས་མཉམ་དུ་གེགས་སེལ་གུར་བརྒྱབ་པ་དང་འཐུང་ཆུ་མཁོ་འདོན་བྱེད་ས་བཙུགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་ངང་གེགས་ཁུལ་གྱི་མཚན་མོ་དང་པོ་དེ་སྒྲོལ་ཐུབ་པ་བྱས་ཡོད།

    གེགས་ཁུལ་གྱི“ཁེར་ཆགས་གླིང་ཕྲན”འགྲམ་དུ་གེགས་སེལ་དངོས་ཟོག་མི་འདང་བའི་ད་ཡོད་ཀྱི་གནས་ཚུལ་ཞི་ལྷོད་དུ་བཏང་སྟེ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་ནས་ཛ་དྲག་ངང་དངོས་ཟོག་གཏོང་འདྲེན་བྱས་ཏེ་མཁའ་ཐོག་ནས་དབྱུགས་པ་དང་དེ་བཞིན་གེགས་ཁུལ་དུ་དབོར་བ་སོགས་ཀྱི་བྱེད་ཐབས་སྤྱད་ཡོད། ཁྲེང་ཏུའུ་དམག་ཁུལ་ཁང་གིས་ཁྱོན་ཐད་འཕུར་གནམ་གྲུ་9བཏང་སྟེ་མཁའ་ཐོག་ནས་གེགས་སེལ་དངོས་ཟོག་དབྱུགས་ཡོད།

    ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་རང་རྒྱལ་གྱིས་རོགས་སྐྲུན་བྱས་པའི་ནེ་པ་ལའི་ནཱ་སུའུ་ཝ་ཁ་ལི་ཆུ་ཤུགས་གློག་ཁང་གི་ཀྲུང་གོའི་ལས་མི་200ལྷག་ཙམ་ཉེན་ཁར་གྱར་ཡོད། སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ར་ཟུར་གྲོང་ཚོའི་མི་སྣ་140ཙམ་ཉེན་ཁར་གྱར་ནས་ཕྱོགས་གཉིས་ཀའི་མི་སྣའི་འཚོ་བའི་སྤྱོད་ཆས་འདང་གི་མེད་པ་རེད། ཟླ་4ཚེས་27ཉིན་ནས་བཟུང་ཁྲེང་ཏུའུ་དམག་ཁུལ་ཁང་གིས་ཐད་འཕུར་གནམ་གྲུ་3བཏང་སྟེ་ཉིན་གསུམ་འབད་བརྩོན་བྱས་པ་བརྒྱུད་བསྟུད་མར་ཐད་འཕུར་གནམ་གྲུ་ཐེངས་33བཏང་ནས་ཉེན་གྱར་མི་སྣ་396ཚང་མ་བསྐྱབས་ཡོད།

    བསྐྱབས་པའི་སྐོར་གླེང་སྐབས་ཀྲོའུ་ཧྲུའུ་ལེའང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་རྒྱལ་ཁབ་ཀྱིས་འཕྲལ་མ་ཉིད་དུ་ཐད་འཕུར་གནམ་གྲུ་བཏང་སྟེ་ང་ཚོ་བསྐྱབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་བོད་མི་དམངས་ཀྱིས་ང་ཚོ་བཀོད་སྒྲིག་འོས་འཚམ་བྱས་པར་དེ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་བ་ཞིག་ཡིན་པའི་ངོས་ནས་སྟོབས་ཆེའི་མེས་རྒྱལ་འདི་འདྲ་ཞིག་ཡོད་པར་སྤོབས་པ་ཆེན་པོ་སྐྱེ་གི་འདུག་ཅེས་བཤད།

    གཅེས་སེམས་འཕྲལ་དུ་གེགས་ཁུལ་དུ་འཆང་བ་དང་རོགས་སྐྱོབ་དངོས་ཟོག་འཕྲལ་དུ་གེགས་ཁུལ་དུ་གཏོང་འདྲེན་བྱས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཕྲལ་དུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་པ་དང་རོགས་སྐྱོབ་མི་སྣས་གང་མགྱོགས་བྱ་སྤྱོད་སྤེལ་ཏེ་གུར་དང་། བཟའ་བཅའ། སྨན་རྫས་བཅས་རྫོགས་རྒྱུ་མེད་པར་གེགས་ཁུལ་དུ་དབོར་འདྲེན་བྱས།

    གནས་སྤོ་བཀོད་སྒྲིག་བྱེད་སྐབས་ཚང་མ་སྐུལ་སློང་བྱས།

    ཆེད་ལས་རོགས་སྐྱོབ་རུ་ཁག་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་ཕུད་ས་ཡོམ་གེགས་ཁུལ་དུ་འཕྲིན་གཏོང་དང་གློག་ཤུགས་སོགས་ཁེ་ལས་ཀྱི་ལས་བཟོ་ཚང་མ་དང་འདྲ་བར་དཀའ་ཚེགས་ལ་མི་སྐྲག་པར་གེགས་ཁུལ་མི་དམངས་གང་མགྱོགས་ཉེན་ཁ་ལས་སྒྲོལ་ཆེད་ཉིན་མཚན་བལྟོས་མེད་ངང་ཡོམ་འགོག་ཉེན་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱས།

    ས་ཡོམ་རྒྱག་སྐབས་འགྲམ་འགག་སྒོའི་གློག་འཕྲིན་ཅུས་ཀྱི་ཅུས་ཀྲང་ཚེ་དབང་མགོན་པོ་གཞིས་རྩེར་དོན་དག་སྒྲུབ་བཞིན་ཡོད། ཁོང་གིས་འཕྲལ་དུ་མི་སྣ་སྒྲིག་འཛུགས་ཀྱིས་འགྲམ་གྲོང་རྡལ་དུ་བསྐྱོད་ཡོད་མོད། འོན་ཀྱང་མཛའ་གྲོགས་ཕུག་ལམ་འགག་ཡོད་པས་ཁོང་ཚོ་ཕྱིར་ལོག་མི་བྱེད་དཀའ་མེད་བྱུང་ཡོད།

    ཟླ་4ཚེས་27ཉིན་མཛའ་གྲོགས་ཕུག་ལམ་ཤར་གཏོང་ཐུབ་རྗེས་ཚེ་དབང་མགོན་པོ་དང་རྗེས་མཐུད་མྱུར་བཟོ་རུ་ཁག་གིས་འཐབ་ས་དང་པོར་བསྐྱོད་དེ་གེགས་ཁུལ་གྱི་འཐབ་ས་དང་པོར་ཉིན་གཅིག་དང་མཚན་མོ་གཉིས་འབད་འཐབ་བྱེད་བཞིན་པའི་ཚེ་སྲོག་འཕྲིན་གཏོང་ལམ་ཐིག་མྱུར་བཟོ་བྱེད་བཞིན་པའི་རུ་ཁག་ལ་རོགས་སྐྱོར་བྱས།

    ཁོང་དང་ལས་རོགས་ཚོས་སྲུང་སྐར་ཁ་པར་སྣ་ཚོགས་དང་ཉམས་བཟོའི་ཡོ་བྱད་སྒལ་པར་འཁུར་ནས་རྐང་ཐང་མར་འགྲམ་དུ་བསྐྱོད། ཆུ་ཚོད་གཉིས་ཙམ་རྐང་ཐང་མར་བསྐྱོད་རྗེས་དགོང་མོའི་ཆུ་ཚོད་བརྒྱད་པར་ཁོང་ཚོ་འགྲམ་གྲོང་རྡལ་དུ་འབྱོར་ཡོད། ཁོང་ཚོས་དེ་མ་ཐག་སྲུང་སྐར་ཁ་པར་སྤྱད་དེ་གཉའ་ལམ་རྫོང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུར་གནོད་འཚེའི་གནས་ཚུལ་སྙན་སེང་ཞུས་ཡོད།

    གནོད་འཚེ་ཐོན་རྗེས་རྒྱལ་ཁབ་གློག་དྲ་ལྷོ་ཁ་གློག་འདོན་ཀུང་སིས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ་འཕྲལ་སྡོམ་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་འདོམས་དང་མཐུན་སྦྱོར་བྱས་ཡོད།

    ཟླ་4ཚེས་28ཉིན་གྱི་དགོང་མོ་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམ་པུས་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད་ཉིན་མཚན་བལྟོས་མེད་ངང་ཇུས་གཞི་བཏིང་བ་དང་མང་ཚོགས་ཀྱི་བསམ་བློའི་ལས་དོན་ཡག་པོ་བསྒྲུབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་གོ་རིམ་ལྡན་པའི་ངང་གནས་སྤོ་བྱ་རྒྱུའི་གཏན་འཁེལ་བྱས་ཡོད།

    ཟླ་4ཚེས་29ཉིན་གྱི་ཐོ་རེངས་སུ་བསམ་གྲུབ་རྩེ་ཆུས་ཀྱི་ལས་བྱེད་པ་ཏུའུ་ཀྲུང་ལེང་ལ་ཁ་པར་ཞིག་འབྱོར་ཡོད། དེ་ནི་གོང་རིམ་འགོ་ཁྲིད་ཀྱིས་ཁོང་ལ་རང་ཚན་པའི་ལས་བྱེད་པ་འཕྲལ་མར་སྒྲིག་འཛུགས་བྱས་ཏེ་རྒྱ་ལུང་རོང་དུ་གུར་བརྒྱབ་ནས་འགྲམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་དེ་གར་བཀོད་སྒྲིག་བྱེད་དགོས་པའི་བཀའ་འབྱོར་བ་ཞིག་རེད། འགྲམ་གནས་སྤོ་ཆེ་མོའི་བཀའ་འབྱོར་མ་ཐག་གཞིས་རྩེ་གྲོང་ཁྱེར་གྱིས་བསམ་གྲུ་རྩེ་ཆུས་དང་ལྷ་རྩེ་རྫོང་གི་ལས་བྱེད་པ་དང་མང་ཚོགས་སྟོང་ཕྲག་ཁ་ཤས་སྐུལ་སློང་བྱས་ཏེ་བཅིངས་འགྲོལ་དམག་གི་དཔུང་སྡེ་དང་དམངས་སྲིད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཉིན་མཚན་བལྟོས་མེད་ངང་གུར་ཆིག་སྟོང་ལྷག་ཙམ་བརྒྱབ་ཡོད།

    ཧ་ལམ་དུས་ཚོད་དེ་རང་ལ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་སླར་ཡང་ས་ཡོམ་གེགས་ཁུལ་དུ་ཁག་ཐེངས་ལྔ་པའི་ཉེན་འགོག་མི་སྣ་27དང་རླངས་འཁོར་4མངགས་པ་དང་དེ་བཞིན་སླར་ཡང་གཏོང་འདྲེན་བྱས་པའི་གློག་གནོན་དམའ་བའི་གློག་རྒྱུན་གཅོད་པའི་གློག་སྐུད་དང་། ནུས་རྒྱུ་གྲོན་ཆུང་གི་གློག་སྒྲོན། ཨི་ཁུང་གཉིས་ལྡན་གྱི་བསྒར་གདན་སོགས་རིན་ཐང་སྒོར་ཁྲི་300ལྷག་ཙམ་རི་བའི་ཉེན་འགོག་དངོས་ཟོག་དང་རྒྱུ་ཆ་གཏོང་འདྲེན་བྱས་ཏེ་ལྷ་ས་ནས་གཞིས་རྩེར་ཐོན་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་གནམ་སྐུད་འཁྲིད་པ་དང་དེ་བཞིན་གུར་ནང་གློག་འཁྲིད་པ་སོགས་བྱས་ཡོད།

    བླང་བྱ་གཞིར་བཟུང་། གཞིས་རྩེར་བཀའ་བསྒུགས་ནས་བསྡད་པའི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་མྱུར་བཟོ་རུ་ཁག་གི་རུ་མི་7དང་ཆན་ཝ་500ཡི་གློག་གཏོང་རླངས་འཁོར་1ཉིན་མཚན་བལྟོས་མེད་ངང་གཞིས་རྩེ་གྲོང་ཁྱེར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཁག་ཏུ་གློག་མཁོ་འདོན་བྱེད་པར་བསྐྱོད་དེ་གེགས་ཁུལ་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་དུས་འགོའི་འབྲེལ་ཡོད་ལས་དོན་ཁག་བསྒྲུབ་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཡོད།

    དེ་དང་ཆབས་ཅིག་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་གཉའ་ལམ་དང་སྐྱིད་གྲོང་ཉེན་འགོག་ཡན་ལག་རུ་ཁག་གི་རུ་མི་50ཡིས་གོང་གི་ས་ཆ་དེ་གཉིས་ལ་རྗེས་སུ་བརྒྱབ་པའི་གུར་ནང་གློག་འཁྲིད་ཡོད་པ་རེད།

    ཟླ་4ཚེས་30ཉིན་གྱི་ཐོ་རེངས་ཆུ་ཚོད་བཞི་པར་འགྲམ་གྲོང་རྡལ་སྤང་གྲོང་ཚོའི་ལོ་53ལ་སླེབས་པའི་ཞིང་པ་པ་སངས་བདེ་སྐྱིད་ཀྱིས་ལོ་70ལྷག་ཙམ་ལ་སླེབས་པའི་ཨ་མ་རྒན་མོ་དང་ལོ་6ལ་སླེབས་པའི་ཚ་བོ་འཁྲིད་དེ་དམག་མིའི་རླངས་འཁོར་ནས་བབས་རྗེས་ལྷ་རྩེ་རྫོང་བཀོད་སྒྲིག་བྱ་ཡུལ་གྱི་ལས་དོན་མི་སྣ་ཚེ་བརྟན་རྡོ་རྗེའི་རོགས་རམ་འོག་གེགས་སེལ་གྱི་གུར་ཨང་32ནང་སྤོས་པ་རེད།

    ས་ཡོམ་རྒྱག་སྐབས་པ་སངས་བདེ་སྐྱིད་ཁྱིམ་གྱི་ཐོག་སོ་བཞི་ལྡན་གྱི་ཁང་པ་རྡིབ་ནས་དངུལ་དང་རྩ་ཆེའི་དངོས་པོ་དེའི་འོག་ཏུ་ལུས་ཡོད། དེ་རྗེས་ཀྱི་ཉིན་ཁ་ཤས་ནང་ཁོང་ཚོ་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་བསྡད་རུང་ཡོམ་འཕྲོ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་མང་པོས་རྐྱེན་པས་སེམས་ནང་དངངས་སྐྲག་ཆེན་པོ་བྱུང་ཡོད། ཁོང་གིས“ཁང་པ་རྡིབ་པ་མ་ཟད་རྡོ་གང་ས་ནས་ཟགས་ཀྱི་འདུག ད་ཆ་སྡོད་ས་དང་ཟ་རྒྱུ་ཡོད་པས་སེམས་ལྷོད་ལ་བབས་སོང”ཞེས་བཤད།

    གུར་གྱི་ཕྱི་རོལ་དུ་བཀྲག་མདངས་ལྡན་པའི་སྐར་ལྔའི་དར་དམར་ལྷགས་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།