སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཉེ་ཆར་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཐད་སླར་ཡང་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་སྐབས“གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་རྒྱུའི”ཐད་ཆེད་མངགས་བླང་བྱ་བཏོན་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གེགས་ཁུལ་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་མཚོན་པ་མ་ཟད། རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་འཐབ་སེམས་དང་ཡིད་ཆེས་ལའང་སྐུལ་ལྕག་ཆེན་པོ་ཐེབས་ཡོད།
ནེ་པ་ལར་བརྒྱབ་པའི་ས་ཡོམ་རིམ་པ་8.1གིས་རང་ལྗོངས་ཀྱི་རྫོང་དང་ཆུས་19ལ་ཤུགས་རྐྱེན་ཐེབས་ནས་གཞིས་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་རྫོང་དང་ཆུས་14ལ་གནོད་འཚེ་ཕོག་པ་དང་། མི་ཁྲི་30ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་པ། མི་ཁྲི་14ལ་གནོད་འཚེ་ཚབས་ཆེན་ཕོག་པ་བཅས་དེའི་ནང་གཉའ་ལམ་དང་། སྐྱིད་གྲོང་། དིང་རི་བཅས་རྫོང་གསུམ་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་ལ་80%ཡན་གྱི་སྡོད་ཁང་རྡིབ་ཡོད།
རྨས་མ་མྱུར་སྐྱོབ་དང་མང་ཚོགས་གནས་སྤོ་བྱེད་པའི་བརྒྱུད་རིམ་ཁྲོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་མི་དབྱེ་བ་དང་། ས་ཁུལ་མི་དབྱེ་བ། རྒྱལ་ཁོངས་མི་དབྱེ་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང“ཚེ་སྲོག་ཨང་དང་པོ་དང་མི་སྐྱོབ་རྒྱུ་ཨང་དང་པོ”མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་གྱར་མང་ཚོགས་བསྐྱབས་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་སྲིད་དམག་ཉེན་དམངས་བཅས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་གནོད་འཚེ་ཆེན་པོའི་མདུན་དུ་མགོ་བོ་མི་སྒུར་བ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། འབད་འབུངས་སྟོབས་བརྩོན་བཅས་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནུས་ལྡན་དང་། གོ་རིམ་ལྡན་པ། ནུས་ཆེ་བཅས་ཀྱི་སྒོ་ནས་སྤེལ་ཡོད། ས་གཤིས་རྙོག་འཛིང་ཆེ་བ་དང་ཞོར་བྱུང་གནོད་འཚེ་ཐོན་བཟོ་ཡོད་པའི་ས་ཁུལ་ལ་དམིགས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་དྲུག་ལྷག་ཙམ་འཕྲལ་དུ་གནས་སྤོ་དང་། རྨས་མ་མྱུར་སྐྱོབ། རྨས་སྐྱོན་ཕོག་པའི་མང་ཚོགས་ཁྲི་1.3ལ་སྨན་བཅོས་བཅས་བྱ་རྒྱུའི་ཐུགས་ཐག་བཅད་པར་བརྟེན་མི་སྣ་ཤི་རྨས་ཉུང་བ་དང་རང་ལྗོངས་ཀྱིས་གནོད་འཚེ་ཆེན་པོའི་མདུན་དུ་མི་གྲངས་བཀོད་སྒྲིག་བྱེད་མང་ཤོས་ཀྱི་ལོ་རྒྱུས་ཟིན་ཐོ་བཏོད་ཡོད།
མིག་སྔར་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་དུས་མཚམས་གསར་པའི་ཕྱོགས་སུ་བསྐྱོད་ཡོད་ལ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཐུབ་ནས་སྡོད་ས་དང་། ལྟོ་ཆས། གྱོན་གོས། ཆུ། སྨན་བཅོས་བཅས་ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད།
གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་དགོས། མང་ཚོགས་ཀྱི་ཁེ་ཕན་ཡིན་ཕྱིན་བྱ་བ་ཆུང་ཙག་མེད། དོན་དངོས་དང་མང་ཚོགས་ཁྲོད་བསྐྱོད་དེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བསམ་བློ་དང་རེ་སྒུག་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་དགོས། འབྲུ་རིགས་དང་བཟའ་བཅའ་དུས་ཐོག་ཏུ་སྤྲོད་ཐུབ་མིན་དང་ཆུ་གཙང་མ་མཁོ་སྤྲོད་ཐུབ་མིན་སོགས་ནི་གེགས་ཁུལ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཡིན་པས། སེམས་རྩ་འཁོལ་པོ་དང་ཞིབ་ཅིང་ཕྲ་བའི་སྒོ་ནས་བཀོད་སྒྲིག་བྱེད་དགོས། གེགས་སེལ་དངོས་ཟོག་གྲབས་གསོག་དང་གཏོང་འདྲེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གེགས་སེལ་དངོས་ཟོག་གི་མ་དངུལ་ལ་ལྟ་སྐུལ་དོ་དམ་ནན་པོ་བྱེད་པ་དང་གཞི་རྩའི་འཚོ་བའི་དངོས་ཟོག་མཁོ་སྤྲོད་བྱ་རྒྱུ་འགན་ལེན་བྱེད་དགོས། ཡོམ་འགོག་གེགས་སེལ་གྱི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བླ་ན་མེད་པའི་ཁྱད་འཕགས་རང་བཞིན་ཚོར་ཐུབ་པ་བྱེད་དགོས།
གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་གེགས་ཁུལ་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས། གེགས་རྗེས་ངལ་རྩོལ་རྩལ་ནུས་གསོ་སྦྱོང་འཆར་གཞི་ལག་བསྟར་ཧུར་ཐག་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཕྱིར་ལས་ཀར་བསྐྱོད་རྒྱུར་ལྕག་སྐུལ་བྱེད་པ་དང་འབྲེལ་གནོད་འཚེ་ཕོག་པའི་མང་ཚོགས་ལས་ཞུགས་ཐུབ་རྒྱུ་དང་ས་གནས་དེ་རང་དུ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་ནས་གེགས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་པ་བྱེད་དགོས་པ་མ་ཟད། གནོད་འཚེ་ཕོག་པའི་མང་ཚོགས་ལ་ལས་ཀ་ཡོད་པ་དང་། ཡོང་འབབ་ཡོད་པ། རེ་བ་མཐོང་ཐུབ་པ་བཅས་བྱེད་དགོས།
གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་བཀོད་སྒྲིག་དང་འབྲེལ་བ་ཡོད་པའི་འགན་ལེན་ལས་དོན་ཡག་པོ་སྒྲུབ་དགོས། བློ་བརྟན་འགྱུར་མེད་ངང་གེགས་ཁུལ་གྱི“སྔོན་འགོག་གསུམ”(མེ་སྐྱོན་སྔོན་འགོག་དང་། རིམས་ནད་སྔོན་འགོག གཏོར་བཤིག་སྔོན་འགོག) གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་མང་ཚོགས་སྒྲིག་འཛུགས་སྐུལ་སློང་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་གེགས་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པ་དང་འབྲེལ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཞོར་ཐོན་གནོད་འཚེ་འགོག་པའི་ལས་དོན་མུ་མཐུད་དམ་འཛིན་བྱས་ཏེ་རིམས་ནད་གནས་ཚུལ་ལ་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རིམས་ནད་འགོག་པའི་ཁྱབ་རྒྱ་ཆེ་རུ་གཏོང་བ། ནད་ཀྱི་འབྱུང་རྩ་མཐའ་གཅིག་ཏུ་མེད་པ་བཟོ་བ་བཅས་བྱས་ནས་གནོད་འཚེ་ཆེན་པོའི་མཇུག་ཏུ་རིམས་ནད་མ་ཐོན་པ་བྱེད་དགོས། གེགས་ཁུལ་མང་ཚོགས་ཀྱི་ལས་དོན་དང་ལྷག་པར་དུ་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་བཀོད་སྒྲིག་བྱེད་པ་དང་ཁོང་ཚོར་སེམས་གསོ་གཏོང་བ་དང་འབྲེལ་འགལ་ཟླ་སེལ་རྒྱུར་དོ་སྣང་བྱས་ཏེ་གེགས་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས།
གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་རྒྱུ་དེ་ནི་ཞིབ་ཅིང་ཕྲ་བའི་འདུ་འགོད་ཅིག་ཡིན་ལ་ཕྱོགས་ཁག་དང་འབྲེལ་བ་ཡོད་པས། ངེས་པར་དུ་དམིགས་ཚད་ཁ་གསལ་དང་། འགོ་ཁྲིད་ནུས་ལྡན། ལས་བགོས་གོ་རིམ་ལྡན་པ། མཐུན་སྦྱོར་ཚགས་ཚུད། ལག་བསྟར་གནས་ལ་འཁེལ་བ་བཅས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ནུས་པ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ཏེ་གེགས་ཁུལ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་སྒྲུབ་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུ་དང་ཐབས་བརྒྱ་ཇུས་སྟོང་ངང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཚོས་དཀའ་ངལ་ལས་རྣམ་པར་རྒྱལ་རྒྱུའི་ཆོད་སེམས་དང་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཡོམ་འགོག་གེགས་སེལ་གྱི་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བཅས་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས།