དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཀྲུང་གོའི་འཕེལ་རྒྱས་ཐད་སྟངས་འཛིན་བྱེད་དགོས་པའི་རྩ་བའི་རྨང་གཞི་སྔོན་དཔག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲུང་ཧྲེང་གིས།   |     སྤེལ་དུས།  2015-05-15

        ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་སྔོན་དཔག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། འཛམ་གླིང་དཔལ་འབྱོར་སྤྲིན་ནག་གིས་ཁེངས་པའི་དེང་དུས་ཀྲུང་གོ་འཕེལ་རྒྱས་འགྲོ་རྒྱུར་ནུབ་ཕྱོགས་ཀྱིས་རེ་སྒུག་བྱེད་ལ་སེམས་ཁྲལ་བྱ་རྒྱུ་དེའང་ཧ་ལམ་ཆེ་རུ་ཕྱིན་ཡོད། ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཚན་པ་ལ་ལས་ཀྲུང་གོའི་མདུན་ལམ་ལ་སྔོན་དཔག་བྱ་རྒྱུ་དེ་དང་ཐོག “གཏན་འཁེལ་མེད་པའི་རང་བཞིན ”ཟེར་བ་ནས “རྒྱུན་བསྲིང་མི་ཐུབ་པ ”ཟེར་བར་སྒྱུར་ཡོད། དབྱེ་ཞིབ་དེ་དག་ནང་ཕལ་ཆེ་བས་ཀྲུང་གོའི་འཕེལ་རྒྱས་དེ་དཔལ་འབྱོར་དེང་རབས་ཅན་ལས་བྱུང་བ་ཞིག་ཡིན་རུང་ཆབ་སྲིད་ཀྱི་གྲུབ་ཆར་རྩ་བའི་འགྱུར་ལྡོག་འགྲོ་ཐུབ་མེད་པས་ཀྲུང་གོར་དཔལ་འབྱོར་རྒྱུན་བསྲིང་ངང་འཕེལ་རྒྱས་འགྲོ་རྒྱུ་མངོན་འགྱུར་ཡོང་ཐབས་བྲལ་བའི་ངོས་འཛིན་བྱས་ཡོད།

        ཀྲུང་གོའི་ཆབ་སྲིད་ཀྱི་སྒྲིག་གཞིར་རྩ་བའི་རང་བཞིན་གྱི་དོགས་འཆར་བཏོན་པ་ནི་ནུབ་ཕྱོགས་ཀྱིས་ཀྲུང་གོའི་འགྲོ་ཕྱོགས་ལ་སྔོན་དཔག་བྱེད་སྐབས་ཀྱི་སྔ་ཕྱི་བར་གསུམ་གྱི་བསམ་ཕྱོགས་ཤིག་ཡིན་ཞིང་། ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་དུ “གསར་བརྗེའི་རང་བཞིན་གྱི་དུས་སྒྱུར ”ཐོན་རྗེས་མི་ལ་ལས་ཟིང་ཆ་དེ་རིགས་ཀྲུང་གོར་ཐོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཪྙོག་དྲ་དང་དཀའ་ངལ་རབ་དང་རིམ་པ་འཕྲད་སྲིད་པར་ང་ཚོར་རིག་པ་དྭངས་གསལ་ངོས་འཛིན་ཡོད་ལ་ཕྱི་ཕྱོགས་ཀྱི་དབྱེ་ཞིབ་ངང་རྒྱུད་རིང་པོའི་ངང་ཉན་འདོད་བྱེད་ཀྱི་ཡོད།

        ཀྲུང་གོའི་གྲུ་གཟིངས་དེའི་མདུན་དུ་རླུང་ཞི་རླབས་འཇགས་ཀྱང་མ་ཡིན། ཕྱོགས་འགའ་ཞིག་ཐད་ཀྲུང་གོར་འཕྲད་པའི་འགྲན་སློང་ནི་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་ཡོད། ཀྲུང་གོའི་འབྱུང་འགྱུར་གྱི་རྒྱུན་བསྲིང་འཕེལ་རྒྱས་དེའང་འགྲན་སློང་དེ་དག་ལ་གང་འདྲ་བྱས་ནས་ནུས་ལྡན་ངང་ཁ་གཏད་གཅོག་རྒྱུར་རག་ལུས་ཡོད་ཀྱང་ཀྲུང་གོ་འདི་ཉིད་གོམ་སྟབས་བརྟན་པོའི་ངང་སྐྱོད་ཐུབ་མིན་གྱི་འགག་རྩ་ནི་ད་དུང་ཀྲུང་གོའི་འཕེལ་རྒྱས་ཀྱི་རྩ་བའི་རྨང་གཞི་གང་འདྲ་བྱས་ནས་བརྟན་དུ་གཏོང་རྒྱུར་རག་ལུས་ཡོད། ཀྲུང་གོ་འདི་ཉིད་དེང་སྐབས་ལྟར་བྱུང་ལུགས་མི་ཤེས་མཁན་ཞིག་གིས་ཀྲུང་གོའི་འབྱུང་འགྱུར་བརྟན་པོ་ཡོང་མིན་གང་འདྲ་བྱས་ནས་ཤེས་རྟོགས་བྱེད་ཐུབ་བམ།

        ཀྲུང་གོ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་ནི་ཡང་ཉིང་གང་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ནམ། ཀྲུང་གོ་དང་བསྡུར་ན་འཕེལ་རྒྱས་ཀྱི་དུས་མཚམས་སྔར་ལས་གནད་སྨིན་འཐུས་ཚང་བྱུང་བའི་རྒྱལ་ཁབ་མི་ཉུང་བ་ཞིག་ལ་ཀྲུང་གོར་ཡོད་པའི་བརྟན་ལྷིང་གི་དུས་བབ་འདི་འདྲ་མེད་དགོས་དོན་གང་ཡིན་ནམ། རྒྱལ་ཁབ་དེ་དག་གིས་ཪྙོག་དྲ་ཐག་གཅོད་བྱེད་སྐབས་ཇུས་ཉུང་གཅོད་དཀའ་བ་དང་ཐབས་ཇུས་ནུས་མེད་ཡོད་དགོས་དོན་གང་ཡིན་ནམ། ནུབ་ཕྱོགས་བ་ལ་ལས་ཀྲུང་གོའི་འབྱུང་འགྱུར་ལ་སེམས་ཁྲལ་བྱེད་པ་དང་ཐ་ན་སྒྲོ་བཏགས་འཇིགས་སྐུལ་བྱེད་པ་ནི་ཁོ་པ་ཚོས་རྩ་བའི་གནད་དོན་དེ་དག་མི་ཤེས་པའམ་ཡང་ན་རྩ་བ་ནས་ཤེས་འདོད་མི་བྱེད་པས་རེད།

        ཀྲུང་གོའི་འབྱུང་འགྱུར་ལ་གོ་བསྡུར་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ཁོང་དུ་ཆུད་པ་བྱ་རྒྱུ་ནི་ཪྙོག་འཛིང་ཆེ་བའི་ལས་དོན་ཞིག་ཡིན་སྟབས་ཀྲུང་གོའི་འཕེལ་རྒྱས་ཀྱི་རྩ་བའི་རྨང་གཞི་ཁོང་དུ་ཆུད་པ་བྱ་རྒྱུའི་ཐད་འབད་བརྩོན་བྱེད་དགོས། ཀྲུང་གོའི་བརྗིད་ཆེའི་ཐོག་བརྩེགས་ཁང་ཆེན་དེའི་གྲུབ་ཆའི་རྨང་གཞི་བརྟན་པོ་ཞིག་ཡོད། ནུབ་ཕྱོགས་བ་ལ་ལས་དེ་མཐོང་ཡང་མི་མཐོང་ཁུལ་བྱེད་པ་དང་ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་ཁྲོད་ཀྲུང་གོའི་འཕེལ་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་འཚོལ་འདོད་མི་བྱེད་ལ་དཔལ་འབྱོར་སའི་གོ་ལ་ཧྲིལ་པོའི་གནས་ཚུལ་འོག་ཀྲུང་གོའི་འཕེལ་རྒྱས་དང་འཚམས་པའི་རང་བཞིན་ལ་རྟོག་ཞིབ་ཀྱང་བྱེད་འདོད་མེད། མི་དེ་དག་གི་ངོས་ནས་བཤད་ན། ཀྲུང་གོའི་འཕེལ་རྒྱས་ཀྱི་རྩ་བའི་རྨང་གཞི་བརྟན་པོ་དེ་ཁས་བླངས་ན་ལོ་མང་རིང་མཁྲེགས་བཟུང་བྱས་པའི “ཀྲུང་གོའི་ལྟ་བ ”དེ་མ་རྒོལ་རང་ཐོར་དུ་གྱུར་བ་ཞིག་ཡིན་ལ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་དེའི་སྤོབས་པ་དང་རང་ཆེའི་བྱ་སྤྱོད་སྤེལ་སྟངས་དེའི་འདེགས་སྐྱོར་ཡང་མེད་པར་འགྱུར་རྒྱུ་རེད།

        ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཁ་ཤས་འཕེལ་རྒྱས་ཀྱི་ལམ་ཐོག་སྣ་བསུན་འཁེལ་བའི་གལ་ཆེའི་རྒྱུ་རྐྱེན་ཞིག་ནི་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་གནད་དོན་ཐོན་པ་དང་སྤྱི་ཚོགས་ཀྱི་རྨང་གཞིར་གཡོ་སྒུལ་ཐེབས་པ་ཞིག་རེད། བསྐྲུན་ཚར་བའི་ཐོག་བརྩེགས་ཁང་ཆེན་ཞིག་བསྐྱར་སྐྲུན་མི་བྱེད་ཀ་མེད་བྱུང་བའི་མཇུག་འབྲས་ནི་གང་སར་ཞིག་རོས་ཁེངས་པ་དང་ཟང་ངེ་ཟིང་ངེ་ཆགས་ལ་སྤྱི་ཚོགས་ཟང་ཟིང་དུ་གྱུར་བ་དེས་ཀྱང་ཉམས་རྒུད་དུ་སོང་བའི་དམངས་འཚོར་འགྱེལ་བའི་སྟེང་ལ་རྡོག་བརྫིས་བཏང་བ་ལྟར་ཡོང་རྒྱུ་རེད།

        དེང་དུས་ཀྱི་ཀྲུང་གོས་གོམ་པ་བརྟན་པོའི་ཐོག་ནས་འཛམ་གླིང་གར་སྟེགས་ཀྱི་དབུས་སུ་འཛེགས་ཐུབ་པ་དེ་ནི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་མྱུར་བར་རྩ་བའི་རྨང་གཞི་བརྟན་པོ་ཞིག་ཡོད་པ་དེ་ཡིན། འབྱུང་འགྱུར་གྱི་ཀྲུང་གོས་འཛམ་གླིང་གར་སྟེགས་ཀྱི་དབུས་སུ་མགོ་འཕང་མཐོ་པོས་དཀྲོང་ངེར་ལངས་རྒྱུར་རྩ་བའི་རྨང་གཞི་དེ་སྔར་ལས་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།