དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • གཏུམ་སྤྱོད་དོན་རྐྱེན་ཡང་ཡང་ཐོན་པ་དེས་འགལ་བ་ཆེན་པོ་ཡོད་པ་མངོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།དབྱིན་མེའོ་ཡིས།   |     སྤེལ་དུས།  2015-05-15

        ཚེས་5ཉིན་ནི་ཀྲི་རི་ཡའི་ཙུང་ཐུང་ཀུའུ་ཏེ་ལེ་ཁེ་·ཆའོ་ན་སེན་གྱིས་ཚེས་6ཉིན་ནི་ཀྲི་རི་ཡའི་ལྷོ་ངོས་པ་ཡེར་ས་ཀྲོའུ་རུ་གཅུང་པོའི་གཉེན་སྒྲིག་ལ་བསྐྱོད་རྒྱུའི་འཆར་གཞི་མེད་པ་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཆའོ་ན་སེན་གྱིས་དྲག་ཆས་པས་དབྱི་སི་ལན་ཆོས་ལུགས་ཀྱི་སྲོལ་རྒྱུན་དུས་ཆེན “གླང་གོག་ལོ་གསར ”གོང་བསླངས་པའི་འཇིགས་སྐུལ་བྱེད་སྤྱོད་ལ་རྒོལ་གཏམ་བཏང་ཞིང་། ཁོང་གིས་བྱེད་སྤྱོད་དེ་དག་ལ་ནི་ཀྲི་རི་ཡའི་མི་དམངས་ཡོངས་ཀྱི་རྒོལ་གཏམ་དྲག་པོ་ཕོག་རྒྱུ་རེད་ཅེས་དང་། ཁོང་གིས་འབྲེལ་ཡོད་བདེ་འཇགས་སྡེ་ཚན་ལ་ཉེན་ཟོན་བྱེད་རྒྱ་ཆེ་རུ་གཏོང་དགོས་པའི་འགན་དཀྲིས་པ་དང་འབྲེལ་དོན་རྐྱེན་བཟོ་མཁན་ལག་དམར་བ་ཁྲིམས་ཀྱིས་གཅུན་ནས་ཉེས་ཆད་དྲག་པོ་གཅོད་རྒྱུ་ལས་གུ་ཡངས་གཏོང་མི་རུང་བའི་དམ་བཅའ་བཞག་ཡོད།

        མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་ཚེས་5ཉིན་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་སྤེལ་ནས་ནི་ཀྲི་རི་ཡའི་ཤར་བྱང་ངོས་ཀྱི་གཡོད་པེ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཏ་མ་ཐུ་ལུར་འབར་རྫས་འཇབ་རྒོལ་དང་མེ་མདའ་རྒྱག་པའི་དོན་རྐྱེན་ཐེངས་མང་ཐོན་པར་རྒོལ་གཏམ་བཏང་གནང་བ་དང་ཕྱོགས་མཚུངས་ཁོང་གིས་ས་ཁུལ་དེར་གཏུམ་སྤྱོད་མཐའ་དག་སྤེལ་མཚམས་འཇོག་དགོས་པའི་རེ་འབོད་གནང་བ་དང་འབྲེལ་དམིགས་ཡུལ་གང་ཞིག་ཡིན་རུང་དྲག་ཤུགས་ལ་བརྟེན་མི་རུང་བའི་བསྐྱར་བསྒྲགས་ཀྱང་གནང་ཡོད། ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྱང་གསལ་བསྒྲགས་སྤེལ་ནས་འཇབ་རྒོལ་གྱི་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་འབྲེལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས 》གཞིར་བཟུང་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་པའི་བསྐྱར་བསྒྲགས་བྱས་ཡོད།

        ནི་ཀྲི་རི་ཡའི་ཤར་བྱང་ངོས་ཀྱི་གཡོད་པེ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཏ་མ་ཐུ་ལུ་དང་པོའོ་ཏི་སི་ཁུ་ལུ་དང་དེ་བཞིན་བོར་ནུའོ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་མའི་ཏུའུ་ཀུ་ལི་བཅས་གྲོང་ཁྱེར་གསུམ་ལ་ཚེས་4ཉིན་འབར་རྫས་གས་པ་དང་དྲག་ཆས་འཇབ་རྒོལ་གྱི་དོན་རྐྱེན་སྔ་རྗེས་སུ་ཐོན་ཡོད། ནི་ཀྲི་རི་ཡའི་སྨྱན་སྦྱོར་ཚན་པས་གནས་ཚུལ་གསར་ཤོས་སྤེལ་བར་གཞིགས་ན། འབར་གས་དང་འཇིགས་སྐུལ་གྱི་དོན་རྐྱེན་ནང་ད་བར་མི་གྲངས་136རྐྱེན་ལམ་དུ་ཤོར་ཡོད་པ་རེད།

        ནི་ཀྲི་རི་ཡ་རྒྱ་གྲམ་དམར་རྟགས་ཚོགས་པའི་དཔོན་པོ་དབྱི་པུ་ལ་ཤིན ·པ་ལ་མས་ཚེས་5ཉིན་ར་སྤྲོད་བྱས་དོན། ཏ་མ་ཐུ་ལུ་གྲོང་ཁྱེར་གྱི་དམག་དཔུང་གི་གཞུང་ལས་ཁང་དང་དམག་སྒར་བྱེད་སའི་ཐོག་སོ་གསུམ་ལྡན་གྱི་ཁང་པར་ཚེས་4ཉིན་གྱི་དགོང་མོར་རླངས་འཁོར་གྱི་འབར་རྫས་འཇབ་རྒོལ་ཕོག་ནས་བདེ་འཇགས་དཔོན་རིགས་མང་པོ་འབར་གས་ནང་ཤི་བ་དང་དེ་རྗེས་མེ་མདའ་ཁྱེར་བའི་དྲག་ཆས་པས་ཏ་མ་ཐུ་ལུ་གྲོང་ཁྱེར་ནང་ཉུང་མཐར་ཡང་ཉེན་རྟོག་ཅུས་3དང་། ཆོས་ཁང་མང་པོ། དངུལ་ཁང་དོན་གཅོད་ཁྲུའུ་གཅིག་བཅས་ལ་འཇབ་རྒོལ་བྱས་ཡོད།

        ཉིན་དེར་གཡོད་པེ་ཀྲོའུ་དང་འབྲེལ་མཚམས་ཀྱི་ཕུར་ནུའོ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་མན་ཏུའུ་ཀུ་ལིར་ཡང་འབར་གས་འཇབ་རྒོལ་གྱི་དོན་རྐྱེན་ཐེངས་3བྱུང་ནས་ལག་རྩལ་སློབ་གྲྭ་གཅིག་དང་དམག་དོན་རྟེན་གཞི་གཅིག་ལ་འཇབ་རྒོལ་ཕོག་ཡོད། ནི་ཀྲི་རི་ཡའི་ཆེད་འགན་འཁུར་མཁན་དཔུང་སྡེའི་མགྲིན་ཚབ་པ་ཧ་སང ·མུ་ཧན་མོའུ་ཏེས་ཚེས་5ཉིན་རང་ལྕེབས་འཇབ་རྒོལ་བ་3གྱིས་འབར་རྫས་བླུགས་པའི་བྱེ་བགྲོད་རླངས་འཁོར་ཞིག་བཏང་ནས་ཕུར་ནུའོ་ཀྲོའུ་རུ་བཅའ་སྡོད་ནི་ཀྲི་རི་ཡའི་ཆེད་འགན་འཁུར་མཁན་དཔུང་སྡེའི་སྤྱི་ཁྱབ་པུའུ་ཡི་རྒྱལ་སྒོར་ཤོར་རྩིས་བྱེད་སྐབས་འབར་རྫས་སྔོན་ནས་གས་ཏེ་དེའི་ནང་ཉུང་མཐར་ཡང་མི་7ཤི་བ་དང་འཇབ་རྒོལ་བ་གསུམ་པོ་ས་ཆ་དེ་རང་དུ་ཤི་བ་རེད་ཅེས་དང་མུ་ཧན་མོའུ་ཏེས་བོར་ནུའོ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་མན་ཏུའུ་ཀུ་ལེར་ཉིན་དེ་རང་དུ་འབར་གས་ཀྱི་དོན་རྐྱེན་གཞན་དག་གཉིས་བྱུང་ཡོད་མོད། འོན་ཏེ་མི་ཤི་རྨས་བྱུང་མེད་པ་དང་། མིག་སྔར་དམག་ཕྱོགས་ཀྱིས་དུས་བབ་ཚོད་འཛིན་བྱས་ཡོད་ཅེས་བརྗོད་ཡོད།

        ཚེས་5ཉིན་ནི་ཀྲི་རི་ཡའི་ཐལ་སྤྱོད་ཆོས་ལུགས་རྩ་འཛུགས “གནས་མཆོག་བོ་ཁོའོ ”ཡིས་འཇབ་རྒོལ་དེའི་འགན་འཁུར་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ “དེ་ལས་ལྷག་པའི་འཇབ་རྒོལ་བྱ་ཐབས་བཟོ་བཞིན་པའི་སྒང་ཡིན ”ཞེས་འཇིགས་སྐུལ་བྱས་ཡོད། བཤད་པར་གཞིགས་ན། རྩ་འཛུགས་དེའི་མགྲིན་ཚབ་པ་ཡིན་པའི་ཨ་པུ་ཁ་ཁ་ཡིས་ཕྱི་རྒྱལ་གྱི་སྨྱན་སྦྱོར་པའི་བཅར་འདྲི་དང་ལེན་བྱེད་སྐབས་རྩ་འཛུགས་དེས་ནི་ཀྲི་རི་ཡའི་མཉམ་འབྲེལ་སྲིད་གཞུང་གི་སྒྲིག་གཞིར་དམིགས་པའི་འཇབ་རྒོལ་མུ་མཐུད་བྱས་ནས་ནི་ཀྲི་རི་ཡའི་བདེ་འཇགས་དྲག་ཆས་སྟོབས་ཤུགས་སྤྱོད་མཚམས་མ་བཞག་བར་དེའི་ཁོངས་མི་དང་ཉམས་ཞན་ཚོགས་སྤྱིར་གནོད་འཚེ་གཏོང་རྒྱུ་ཡིན་ལུགས་བཤད་ཡོད།

        ཚེས་5ཉིན་ནི་ཀྲི་རི་ཡའི་ཉེན་རྟོག་སྤྱི་ཁྱབ་ལྟ་སྐུལ་བ་ཧ་ཕེ་ཚི ·ལིན་ཅི་མུས་ཛ་དྲག་ཚོགས་འདུ་འཚོགས་ནས་སྡེ་ཚན་ཁག་ལ་བྱ་ཐབས་མྱུར་དུ་སྤྱད་དེ་རྒྱལ་ས་ཨ་པུ་ཅ་ཡི་བདེ་འཇགས་ཉེན་ཟོན་ལ་ཤུགས་སྣོན་བརྒྱབ་ནས “གནས་མཆོག་བོ་ཁོའོ ”ཡིས་འཇིགས་སྐུལ་གྱི་འཇབ་རྒོལ་སྔར་བས་ལྷག་པ་བྱེད་ཉེན་ལ་དོགས་ཟོན་དགོས་པའི་བླང་བྱ་བཏོན་ཞིང་། ཁོང་གིས་ཉེན་རྟོག་དྲག་འགོག་རུ་ཁག་ལ་ཨ་པུ་ཅར་བདེ་འཇགས་ཡོང་བ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་ལས་འགན་ཞིག་ཡིན་པའི་བཀའ་རྒྱ་བཏང་ཡོད། གཞན་ཡང་ནི་ཀྲི་རི་ཡའི་ཉེན་རྟོག་ཕྱོགས་ཀྱིས་བདེ་ཆས་སྤྲས་པའི་ཉེན་རྟོག་པ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་མཁན་ཚོགས་ཆུང་མང་དུ་བཏང་ནས་ཨ་པུ་ཅའི་ཁྲོམ་གཞུང་དུ་སྐོར་གཡེང་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དང་དེ་གའི་འགྲོ་འོང་རླངས་འཁོར་ལ་ཞིབ་བཤེར་ནན་པོ་བྱ་རྒྱུ་ཡིན་པ་རེད།

        ཉམས་ཞིབ་པས་དབྱེ་ཞིབ་བྱས་པའི་ནང་། འདི་ལོའི་ཟླ་4པར་ནི་ཀྲི་རི་ཡའི་འདེམས་བསྐོ་ཆེན་པོ་འཚོགས་ཚུན་ནི་ཀྲི་རི་ཡའི་བདེ་འཇགས་ཀྱི་དུས་བབ་སྔ་ཕྱི་བར་གསུམ་དུ་བརྟན་ལྷིང་མེད་པ་དང་གཏུམ་སྤྱོད་ཀྱི་བྱ་ངན་སྣ་ཚོགས་ཟམ་མི་ཆད་པར་ཐོན་པ་དང་ད་རེས་ཀྱི་གཏུམ་སྤྱོད་དོན་རྐྱེན་ནི་བདེ་འཇགས་ཀྱི་གནད་དོན་གཅིག་པུ་མ་ཡིན་པར་ནི་ཀྲི་རི་ཡའི་ལྷོ་བྱང་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དོ་སྙོམས་མེད་པ་ཉིན་བཞིན་ཤུགས་ཆེ་རུ་འགྲོ་བའི་འགལ་བ་ཆེན་པོ་བསྐྱར་དུ་མངོན་པ་ཡིན་ལུགས་བསྟན་ཡོད།

        (མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཨ་པུ་ཅ་ནས་ཟླ་11ཚེས་6ཉིན་འབྱོར་པའི་གློག་འཕྲིན )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།