དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • གཡོད་ཧན·དབྱི་ཏུན་སློབ་ཆུང་དུ་བསྐྱོད་པའི་གནས་ཚུལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲང་དབྱང་དང་ཕན་ལི་ཡས།   |     སྤེལ་དུས།  2015-05-15

        གཡོད་ཧན ·དབྱི་ཏུན་གཞུང་བཙུགས་སློབ་ཆུང་དེ་ཝ་ཧྲིང་ཐོན་གྱི་དམིགས་བསལ་ཁུལ་གྱི་ནུབ་བྱང་དུ་གནས་པ་དང་། དེར་2007ལོ་ནས་བཟུང་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་རྣམ་གྲངས་གཉེར་བ་དེ་ནི་ཀྲུང་གོའི་རྒྱལ་ཁབ་རྒྱའི་སྐད་ཡིག་རྒྱལ་སྤྱིའི་ཁྱབ་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང (རྒྱལ་ཁབ་རྒྱའི་སྐད་ཡིག་གཞུང་ལས་ཁང )དང་མཉམ་ལས་བྱས་ནས་རྒྱའི་སྐད་ཡིག་སློབ་ཁྲིད་རྣམ་གྲངས་གཉེར་སྔ་ཙམ་གྱི་སློབ་གྲྭའི་གྲས་ཤིག་ཡིན་པ་རེད། གཡོད་ཧན ·དབྱི་ཏུན་སློབ་ཆུང་དུ་ཀྲུང་གོའི་སྐད་ཡིག་ནི་ཕྱི་སྐད་གལ་ཆེའི་སློབ་ཚན་ཞིག་ཏུ་བྱས་ནས་སློབ་གྲྭར་མ་ཞུགས་གོང་གི་འཛིན་གྲྭ་ནས་སློབ་ཆུང་ལོ་རིམ་ལྔ་པ་བར་སློབ་གྲོགས་ཚོར་གཟའ་འཁོར་རེར་ཉུང་མཐར་ཡང་རྒྱ་ཡིག་སློབ་ཚན་ཐེངས་གཅིག་འཁྲིད་ཀྱི་ཡོད་པ་རེད།

        ཉེ་ཆར་གསར་འགོད་པས་སློབ་ཆུང་དེར་ཕྱིན་ཏེ་རྒྱའི་སྐད་ཡིག་སློབ་ཁྲིད་བྱེད་སའི་སློབ་ཁང་དུ་ལྟ་སྐོར་བྱས་པ་དང་སློབ་གྲྭའི་དབུ་འཛིན་དང་དགེ་རྒན་དང་ཁྱིམ་བདག་ལ་བཅར་འདྲི་བྱས་ཏེ་ཕྲུ་གུ་ཚོ་དང་མཉམ་དུ “རྒྱ་ཡིག་སྦྱོང་བའི་ཚ་རླབས ”མྱོང་རོལ་བྱས་པ་ཡིན།

        སློབ་གྲྭའི་དབུ་འཛིན་ལས་ཤག་གི་གྱང་སྟེང་དུ་ཚོན་ཁྲ་ཅན་གྱི་རྒྱ་ཡིག་ཐོག་ནས “གཡོད་ཧན ·དབྱི་ཏུན་གྱིས་ཁྱེད་ལ་དགའ་བསུ་ཞུ ”ཞེས་དང་དེ་བཞིན་སློབ་གྲྭའི་དབུ་འཛིན་གྱི་མིང་རྒྱ་ཡིག་ཐོག་ནས “ཏའེ་ཨེར ·མན་ཨེན ”ཞེས་བྲིས་འདུག སློབ་གྲྭའི་བར་ཁྱམས་ནང་ཀྲུང་གོའི་རྣམ་པ་མང་པོ་འདུག་པ་སྟེ། ཀྲུང་གོའི་ཉམས་འགྱུར་ལྡན་པའི་སློབ་མའི་ཤོག་དྲེག་དང་། དོམ་ཁྲ། རྩིས་གཞོང་གི་ངོ་སྤྲོད། དཀར་ཡོལ་སྔོན་པོ། བཀྲ་ཤིས་སྒྲོག་ཐག་སོགས་ཡིན། ཀྲུང་གོ་བ་ཡོང་བ་མཐོང་སྐབས་ཕྲུ་གུ་ཚོས་འཛུམ་མདངས་སྟོན་ཞིང་སེམས་རྩ་འཁོལ་པོས་ང་ཚོར “ཁྱེད་སྐུ་ཁམས་བཟང་། སྐུ་ཁམས་བཟང ”ཞེས་ཤོད་ཀྱི་འདུག

        གསར་འགོད་པ་ཀྲུང་གོ་ནས་ཡིན་པ་ཤེས་རྗེས་སློབ་གྲོགས་ཚོས་ཆེད་མངགས་ང་ཚོར་བྱིས་པའི་གླུ་གཞས 《སྟག་གཉིས 》ཞེས་པ་བཏང་བྱུང་།

        གཡོད་ཧན ·དབྱི་ཏུན་སློབ་ཆུང་དུ་དགེ་རྒན་བྱེད་མཁན་རྒྱལ་ཁབ་རྒྱའི་སྐད་ཡིག་གཞུང་ལས་ཁང་གིས་མངགས་པའི་རྒྱ་ཡིག་དགེ་རྒན་ཝུའེ་ཝུའེ་ཡིས་སློབ་གྲོགས་ཚོ་རྒྱ་ཡིག་སྦྱོང་རྒྱུར་སེམས་ཤུགས་ཆེན་པོ་འདུག ད་ལྟ་རྒྱ་ཡིག་གི་སློབ་དེབ་འགའ་རེ་དཔྱད་གཞིར་བྱེད་ཀྱི་ཡོད་མོད། འོན་ཀྱང་སྤྱིར་ན་ཚང་མ་རང་ཉིད་ཀྱི་དོན་དངོས་གཞིར་བཟུང་སློབ་ཁྲིད་བྱ་ཐབས་དང་ནང་དོན་ཟམ་མི་ཆད་པར་ལེགས་སྒྲིག་བྱས་ནས་སློབ་མ་ཚོར་ཉན་བཤད་འབྲི་ཀློག་བཞི་ཡི་རྩལ་ནུས་ཤེས་སུ་འཇུག་ལ་ཀྲུང་གོའི་རིག་གནས་ལ་རྒྱུས་མངའ་ངེས་ཅན་ཡོང་བ་ཡང་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།

        “ལོ་རིམ་དམའ་བའི་སློབ་མར་གྲངས་ཀ་དང་། གནམ་གཤིས། ཤིང་འབྲས། སྲོག་ཆགས་སོགས་ཤེས་སླ་བའི་ཐ་སྙད་སློབ་ཆོག་པ་དང་ལོ་རིམ་མཐོ་སར་སླེབས་སྐབས་ཚིག་གྲུབ་ཐུང་ངུ་ཁ་ཤས་ལབ་ཏུ་འཇུག་པ་དང་རྩོམ་ཡིག་ཐུང་ངུ་ཀློག་ཏུ་འཇུག་གི་ཡོད། ཁྱིམ་བདག་གི་རེ་བ་ལྟར་སྐབས་རེ་ངས་སློབ་ཕྲུག་ཚོར་དམིགས་གཏན་འཁེལ་བའི་རྒྱབ་ལྗོངས་འོག་རྒྱ་སྐད་ཤོད་རེས་བྱེད་དུ་བཅུག་པ་དཔེར་ན། ཅ་དངོས་ཉོ་བ་དང་། ལམ་འདྲི་བ། ཟ་ཁང་ནང་ཚལ་ཐོ་མངགས་པ་སོགས ”ཡིན་ཞེས་ཝུའེ་ཝུའེ་ཡིས་བཤད་བྱུང་།

        རྒྱ་ཡིག་གི་སློབ་གསོར་འཛིན་པའི་སློབ་མ་དང་ཁྱིམ་བདག་གི་རེ་བ་སྐོང་ཆེད་ཝུའེ་ཝུའེ་ཡིས་གཡོད་ཧན ·དབྱི་ཏུན་སློབ་ཆུང་གི་རྒྱ་ཡིག་དགེ་རྒན་བྱེད་པ་མ་ཟད་རང་ཉིད་ཀྱི་ལས་ཞོར་དུ་གཞུང་བཙུགས་སློབ་གྲྭ་གཞན་དག་ཏུ་སློབ་ཚན་གྲོལ་རྗེས་ཀྱི་རྒྱ་ཡིག་ཟུར་ཁྲིད་ཀྱང་བྱེད་ཀྱི་ཡོད། གཞན་ཡང་ཁྱིམ་བདག་འགའ་རེས་ཁོང་ཁྱིམ་ཚང་གི་རྒྱ་ཡིག་དགེ་རྒན་དུ་གདན་དྲངས་ཡོད།

        མིག་སྔར་གཡོད་ཧན ·དབྱི་ཏུན་སློབ་ཆུང་གིས་ཁུང་ཙེའི་སློབ་ཁང་གཉེར་འཐུས་ཀྱི་ཞུ་ཡིག་ཕུལ་ནས་རྒྱ་ཡིག་སློབ་ཁྲིད་ཀྱི་ཐོན་ཁུངས་སྔར་ལས་མང་བ་ཐོབ་སྟེ་རྒྱ་ཡིག་གི་རྣམ་གྲངས་དེ་བས་རྒྱ་ཆེར་གཏོང་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད།

        རྒྱ་ཡིག་སློབ་ཁྲིད་བྱེད་པ་ནི་གཡོད་ཧན ·དབྱི་ཏུན་སློབ་ཆུང་གི་ཁྱད་ཆོས་ཆེན་པོ་ཞིག་ཡིན་སྟབས་ཁྱིམ་བདག་ཁག་གཅིག་གིས་རང་ཉིད་ཀྱི་བུ་ཕྲུག་སློབ་གྲྭ་དེར་གཏོང་དོན་ཡང་དེ་ཡིན། སློབ་མའི་ཁྱིམ་བདག་ཅིག་གིས་གསར་འགོད་པར་ཕྲུ་གུར་རྒྱ་ཡིག་སྦྱོང་དུ་འཇུག་པ་ནི་ཕྲུ་གུའི་མ་འོངས་ལ་བསམ་བློ་བཏང་བ་ཞིག་ཡིན། གང་ལགས་ཤེ་ན། ཀྲུང་གོ་དང་ཨ་རིའི་དབར་མཉམ་ལས་བྱེད་པ་དང་ལྷག་པར་དུ་དཔལ་འབྱོར་ཐད་ཀྱི་འབྲེལ་བ་ཉིན་བཞིན་ཟབ་ཏུ་འགྲོ་བར་བརྟེན་ཕྲུ་གུར་རྒྱ་ཡིག་སྦྱོང་དུ་བཅུག་པར་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད་བྱུང་།

        སློབ་སྤྱི་ཏེའེ་ཨེར ·མན་ཨེན་གྱིས་ཝ་ཧྲིང་ཐོན་ས་ཁུལ་དུ་རྒྱ་ཡིག་སློབ་ཚན་ཡོད་པའི་སློབ་གྲྭ་འབྲིང་ཆུང་མང་པོ་མེད་ཅེས་བཤད་པ་དང་། ཁྱིམ་བདག་ལུའུ་ཏེ་སིས་གསར་འགོད་པར་ཁོང་དང་བཟའ་ཟླས་ཐབས་ཤེས་མང་པོ་བཏང་རྗེས་རྒྱ་ཡིག་སྦྱོང་རྒྱུར་འཚམ་པའི་སློབ་ཆུང་ཞིག་ཪྙེད་ཙམ་བྱུང་། ལུའུ་ཏེ་སི་བཟའ་ཚོ་གཉིས་ཀྱིས་2006ལོར་ཀྲུང་གོའི་ཅང་ཤིས་ནས་ཡིན་པའི་དྭ་ཕྲུག་གཅིག་སློང་ནས་ཨ་རིར་གསོས་པ་ཡིན། ད་ཆ་ལོ་ན་དྲུག་དང་ཕྱེད་ཀར་སླེབས་པའི་བུ་མོ་ལི་པའོ་ཏི་ནི་གཡོད་ཧན ·དབྱི་ཏུན་སློབ་ཆུང་གི་ལོ་རིམ་གསུམ་པའི་སློབ་མ་རེད། བཟའ་ཚོ་ལུའོ་ཏེ་སིས “ང་དང་བཟའ་ཟླ་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ་པོ་ཡོད། བུ་མོས་ཀྱང་ཀྲུང་གོ་བ་ཞིག་ཡིན་པར་སྤོབས་པ་བྱེད་ཀྱི་ཡོད་པས་ང་ཚོས་བུ་མོར་རྒྱ་ཡིག་སྦྱོང་དུ་བཅུག་ནས་ཀྲུང་གོར་རྒྱུས་མངའ་སྔར་ལས་ཆེ་བ་ཡོང་ཐབས་བྱེད་ཀྱི་ཡོད ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།