དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • “དོམ་ཁྲ་དཀར་ཆེན”གྱིས་རྒྱའི་སྐད་ཡིག་ལ་བཅངས་པའི་བརྩེ་སེམས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྥན་ལི་ཡ་ཡིས།   |     སྤེལ་དུས།  2015-05-15

        ཧ་ལི ·མ་ཏེ་སེན་ནི་ཨ་རིའི་མ་ལི་ལན་སྒྱུ་རྩལ་སློབ་གླིང་གི་མཚན་ཉིད་རིག་པ་དང་རྩོམ་རིག་གི་དགེ་རྒན་ཞིག་ཡིན། ཁོང་གིས་རྒྱ་ཡིག་དངོས་སྦྱོང་འགོ་ཚུགས་པའི་དུས་ནི་ཁོང་ལོ་59ལ་སླེབས་པའི་སྐབས་སུ་ཡིན་པ་རེད། འོན་ཀྱང་རྒྱ་ཡིག་སྦྱོང་བའི་ཕུགས་བསམ་དེ་ནི་ཁོང་ལོ་15ལ་སླེབས་པའི་སྐབས་སུ་སེམས་ནང་རྩ་བ་ཚུགས་པ་ཞིག་རེད། སྐབས་དེར་དགེ་རྒན་ཞིག་ཡོད་པ་དེས་ཁུང་ཙེ་དང་། ལའོ་ཙེ། མོང་ཙེ་བཅས་ཀྱི་གྲགས་ཅན་གསུང་རྩོམ་གྱི་དབྱིན་ཡིག་པར་མ་ཁོང་ཚོར་ངོ་སྤྲོད་བྱས་པས་ལོ་ན་ཕྲ་བའི་ཧ་ལི 《ཀུན་སྤྱོད་ཀྱི་གདམ་ངག 》ནང་གི་ནང་དོན་དང་འཇིག་རྟེན་ལས་འདས་པའི་བསམ་བློས་ཡིད་དབང་རྦད་དེ་འཕྲོག་པར་བརྟེན་རྒྱ་ཡིག་དང་ཀྲུང་གོའི་ལོ་རྒྱུས་སྦྱོང་རྒྱུའི་སེམས་ཐག་བཅད། འོན་ཀྱང་ཧ་ལིས་ཕུགས་བསམ་དེ་སྒྲུབ་ཐུབ་མེད་པ་རེད། རྗེས་སུ་ཁོང་གིས་ཉིའུ་གཡོད་ཀྱི་ཕུའུ་ཏེ་ཧན་མུའུ་སློབ་ཆེན་དུ་རྩོམ་རིག་དང་མཚན་ཉིད་རིག་པ་སྦྱངས་པ་དང་སློབ་གྲྭ་ཐོན་རྗེས་པར་རྒྱག་མཁས་ཅན་ གྱི་ངོས་ནས་ལ་ཏིང་ཨ་མེ་རི་ཁར་ལོ་10ཙམ་ཕྱག་ལས་གནང་བ་རེད། “ལས་དབང་གིས་བཀོད་སྒྲིག་དེ་ལྟ་བུ་མ་བྱས་པར་ང་ལ་ཏིང་ཨ་མེ་རི་ཁ་གླིང་དུ་བསྐྱལ་བ་རེད ”ཅེས་ཧ་ལིས་དབུགས་རིང་གཏོང་བཞིན་དུ་བཤད་པ་རེད།

        ལ་ཏིང་ཨ་མེ་རི་ཁ་གླིང་ནས་ཨ་རིར་ཕྱིར་ལོག་བྱས་རྗེས་ཕྲུ་གུའི་ཕ་ཡིན་པའི་ཧ་ལིས་རེས་གཟའ་ཉི་མར་རྒྱ་ཡིག་འཛིན་གྲྭ་གཉེར་བའི་མཐོ་རིམ་སློབ་འབྲིང་ཞིག་བཙལ་ནས་རྒྱ་ཡིག་སྦྱོང་རྒྱུའི་ལོ་མང་རིང་གི་ཕུགས་བསམ་སྒྲུབ་རེ་བྱས་ཀྱང་རྗེས་སུ་ལས་བྲེལ་ཆེ་རྐྱེན་མི་དོར་ཀ་མེད་བྱུང་བ་རེད། 2007ལོར་སླེབས་སྐབས་ཧ་ལིས་དྲ་ཐོག་ནས་པེ་ཅིང་སྐད་ཡིག་སློབ་ཆེན་གྱིས་དབྱར་ཁའི་གུང་གསེང་རིང་རྒྱ་ཡིག་གསོ་སྦྱོང་འཛིན་གྲྭ་གཉེར་བའི་བརྡ་ཁྱབ་མཐོང་བ་རེད། “སློབ་བསྡུའི་བརྡ་ཁྱབ་ནང་ལོ་60ཡན་ལ་སླེབས་པའི་སློབ་སྦྱོང་བྱེད་མཁན་བསྡུ་གི་མིན་ཞེས་བཤད་ཡོད་པ་དང་སྐབས་དེར་ང་ལོ་58ལ་སླེབས་སྟབས་ངས་ལྟ་ཚོད་ཞིག་བྱས་ན་སྙམ་བྱུང ”མཐའ་མ་ཧ་ལི་སློབ་གྲྭར་བསྡུས་པ་དང་སློབ་ཕྲུག་ཞིག་གི་ངོས་ནས་ཀྲུང་གོའི་ས་གཞིའི་ཐོག་ཐེངས་དང་པོ་ཡོང་ནས་དུས་ཡུན་ཟླ་བ་གཉིས་རིང་གི་རྒྱ་ཡིག་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད།

        བཅར་འདྲི་བྱེད་སྐབས་ཧ་ལིས་རང་ཉིད་ཀྱིས་པེ་ཅིང་སྐད་ཡིག་སློབ་ཆེན་དུ་སློབ་སྦྱོང་བྱེད་སྐབས་བྲིས་པའི་ཉིན་ཐོ་བཏོན་པ་དེའི་ནང་ཁོང་གིས་རྒྱ་ཡིག་སློབ་སྦྱོང་བྱེད་སྐབས་ཀྱི་བྱ་བ་ཆུང་ངུ་ཡང་གསལ་པོར་བཀོད་ཡོད་པ་དེའི་ནང་སྐད་གདངས་ཀྱི་སློབ་ཚན་དང་པོའི་སྐབས་དགེ་རྒན་གྱིས་ཇི་ལྟར་བྱས་ནས་ཁོང་ཚོར་ལྕེའི་འགུལ་སྟངས་བསླབས་པ་ཡང་ཚུད་ཡོད་པ་རེད།

        ཧ་ལིར་ཀྲུང་གོའི་མིང་དངོས་མེད་ཀྱང་ཁོང་གི་ཀྲུང་གོའི་སློབ་ཕྲུག་གཅིག་གི་ཕས་ཁོང་གཟུགས་སྟོབས་ཆེ་ལ་དཀར་བ་ཞིག་ཡོད་པ་མཐོང་སྟབས་ཁོང་གི་མིང་འདོགས་ལ “དོམ་ཁྲ་དཀར་ཆེན ”ཞེས་བཏགས་པས་ཧ་ལིས་དགོད་བྲོ་བའི་མིང་དེར་ཧ་ཅང་དགའ་པོ་བྱེད་པ་དང་ཁོང་གི་ཁྱིམ་དུའང་དོམ་ཁྲའི་པར་རིས་ཡོད་པའི་མཛེས་རྒྱན་དངོས་པོ་སྣ་ཚོགས་བསྒྲིགས་ཡོད་པ་རེད།

        ད་ཆ་ཧ་ལི་ནི་མ་ལི་ལན་སློབ་ཆེན་ཁུང་ཙེའི་སློབ་གླིང་གི་སློབ་མ་ཞིག་ཡིན་པ་དང་གཟའ་འཁོར་རེར་ཆུ་ཚོད་གཉིས་རིང་གི་རྒྱ་ཡིག་སློབ་ཚན་ཉན་གྱི་ཡོད། “དགེ་རྒན་ཚང་མ་ཕུལ་བྱུང་ཡིན་ལ་མྱུར་ཚད་ཀྱང་མགྱོགས་པོ་འདུག ”ཅེས་ཤོད་བཞིན་དུ་ཁོང་གིས་མིག་སྔའི་སློབ་སྦྱོང་གི་གནས་ཚུལ་ལ་འདོད་བློ་ཁེངས་པོ་བྱེད་ཀྱི་ཡོད་པ་རེད། ཧ་ལིས་ད་ཆ་རྒྱ་ཡིག་ཡིག་འབྲུ་300ལྷག་ཙམ་ཤེས་ཀྱང་ཡག་པོ་འབྲི་ཤེས་ཀྱི་མེད་པས་གློག་ཀླད་ནང་སྦྱོར་ཀློག་བརྒྱབ་པ་བརྒྱུད་འབྲི་གི་ཡོད། གསར་འགོད་པས་ཁོང་ལ “རྒྱུན་འཁྱོངས་ལྷོད་མེད ”བྱེད་ཀྱི་འདུག་ཅེས་བསྔགས་བརྗོད་བྱེད་སྐབས་ཁོང་གིས་འཕྲལ་དུ་ཡིག་འབྲུ་དེ་དག་གློག་ཀླད་ནང་བརྒྱབ་ནས་རང་ཉིད་ལ་ཐ་སྙད་ཕུན་སུམ་ཚོགས་སུ་གཏོང་གི་ཡོད། ཧ་ལིས་རང་ཉིད་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་གསར་འགོད་པར་རང་ཉིད་ཀྱིས 《མའོ་ཀྲུའུ་ཞིའི་གསུང་རྩོམ 》ཡིག་སྒྱུར་བྱེད་བཞིན་ཡོད། གང་ཡིན་ཞེ་ན་ཁོང་གིས་ཀྲུང་གོའི་གསར་བརྗེར་དགའ་པོ་བྱེད་པས་ཡིན་ཞེས་ཤོད་ཀྱི་འདུག

        “ང་ད་ལོའི་ལོ་མཇུག་ཏུ་ཀྲུང་གོར་འགྲོ་གི་ཡིན། ཡག་ཤོས་བྱུང་ན་དབྱིན་སྐད་གཏན་ནས་མི་རྒྱག་པའི་ཡུལ་ཞིག་ཏུ་འགྲོ་གི་ཡིན ”ཞེས་ཧ་ལིས་ཡིད་སྨོན་བྱེད་བཞིན་དུ་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།