དུས་ཚོད་ཧ་ཅང་རིང་བའི་དབྱར་ཀའི་གུང་གསེང་མཇུག་འགྲིལ་རྗེས་ཧྥ་རན་སེའི་ཕྲུ་གུ་ཚོ་སླར་ཡང་བུ་བཅོལ་ཁང་དུ་བསྐྱོད་ཅིང་། དགེ་རྒན་ཚོས་སློབ་ཁང་གི་སྒོ་ཁར་ཕྲུ་གུ་རྣམས་ལ་སྣེ་ལེན་བྱས་ནས་ཁོང་ཚོ་དང་འགྲམ་པ་སྦྱར་བ་དང་འབྲེལ་ཅི་འཕྲོས་མོལ་འཕྲོས་བཤད་པས་ཕྲུ་གུ་ཚོར་སྐྱེད་ཚལ་ནང་སླེབས་པ་ལྟར་གྱི་སྤྲོ་སྣང་འཕེལ། ཧྥ་རན་སེའི་ཕྲུ་གུ་ཚོར་སློབ་ཞུགས་གོང་གི་སློབ་གསོ་དང་ལེན་བྱེད་པར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་པ་སྟེ། གྲོང་ཁྱེར་དང་ཤང་གྲོང་གང་ཞིག་ཏུ་ཡིན་རུང་ཕྲུ་གུ་ཚོའི་ཁྱིམ་ཚང་གི་ཆ་རྐྱེན་ཇི་འདྲ་དང་ཁོང་ཚོ་རྒྱལ་ཁབ་གང་ཞིག་ནས་ཡིན་མིན་ལ་མ་བལྟོས་པར་བུ་བཅོལ་ཁང་དུ་ཞུགས་པའི་ལོར (ལོ་3)སླེབས་ཚེ་སློབ་ཁུལ་ཁག་གི་བུ་བཅོལ་ཁང་གིས་དང་ལེན་མི་བྱེད་པའི་དབང་ཆ་མེད།
ཧྥ་རན་སེའི་བུ་བཅོལ་ཁང་གི་སྒྲིག་ཆས་ཆ་ཚང་བ་སྟེ་སློབ་ཁང་དང་། དཔེ་མཛོད་ཁང་། ཞབས་བྲོ་ཁང་། འཕྲོད་བསྟེན་ཁང་། ཟ་ཁང་སོགས་ཡོད། ཕྱི་རོལ་དུ་འཁྱུད་འཛེག་དང་། དྲ་འཛེག ཤུད་སྐས་བཅས་ཡོད་ཁར་ད་དུང་རོལ་རྩེད་བྱ་ཡུལ་ཁང་ཆུང་ཡང་ཡོད། ཁང་པའི་ནང་གི་གྱང་ཚང་མར་ཚོན་ཁྲ་ཅན་གྱི་རི་མོ་བྲིས་ཡོད་པ་དེ་ནི་བྱིས་སྒྲུང་གི་འཛམ་གླིང་ལྟར་སྣང་།
བུ་བཅོལ་ཁང་གི་དགེ་རྒན་ཚང་མ་ནི་རིམ་པ་སྟར་ཆགས་ཀྱིས་རྒྱུགས་སྤྲོད་བྱས་པ་བརྒྱུད་ཆེད་ལས་སློབ་གསོའི་འོས་བབ་ཐོབ་ཐང་ཐོབ་པའི་མི་སྣ་ཡིན་ཞིང་། ཁོང་ཚོས་གྲོགས་པོ་ལྟར་ཕྲུ་གུ་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕྲུ་གུ་ཚོས་དགེ་རྒན་ཚོའི་མིང་ནས་ཐད་ཀར་འབོད་ཀྱང་ཆོག ཕྲུ་གུ་ཚོས་ངུས་ནས་ཪྙོག་དྲ་ཤོད་པའི་སྣང་ཚུལ་ཐོན་སྐབས་དགེ་རྒན་གྱིས་ཁོང་ཚོ་པང་ཁར་ཉར་ནས་ཁ་འཇམ་ཚིག་འཇམ་གྱི་སློབ་གསོ་གཏོང་གི་ཡོད། ཕྲུ་གུ་ཚོར་བསྟོད་བསྔགས་དང་སྐུལ་ལྕག་གཏོང་རྒྱུ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན། བུ་བཅོལ་ཁང་གི་དགེ་རྒན་ཞིག་གིས “ང་ཚོའི་སློབ་གསོའི་འདུ་ཤེས་ནི་ཕྲུ་གུར་དེ་བས་མང་བའི་སྤྲོ་སྣང་སྦྱིན་རྒྱུ་དེ་ཡིན ”ང་ལ་ཤོད་མྱོང་ཡོད། སློབ་ཁང་ནང་ཕྲུ་གུ་ཚོས་སྒྲུང་ཉན་པ་དང་། སྒྲོན་བཪྙན་བལྟ་བ། སྲོག་ཆགས་ངོ་ཤེས་པ་བྱེད་པ། རི་མོ་སྦྱོང་བ། རོལ་དབྱངས་ཉན་པ། སོགས་བྱེད་ཅིང་། སྤྲོ་སྣང་ལྡན་པའི་སློབ་གསོ་དེ་འདྲའི་ཁྲོད་ཕྲུ་གུ་ཚོས་སྲོག་ཆགས་དང་རྩི་ཤིང་དང་རྒྱུན་ལྡན་གྱི་འཚོ་བའི་ཐ་སྙད་ཁོང་དུ་ཆུད་མགྱོགས་པོ་ཡོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡོད། སློབ་ཁྲིད་ཀྱི་ནང་དོན་དེ་ཧྥ་རན་སེའི་རིག་གནས་ཙམ་མ་ཟད། ད་དུང་ཀྲུང་གོའི་གཏམ་རྒྱུད་དང་། རི་པིན་གྱི་ཀོ་ཕིག ཨ་རིའི་གླུ་གཞས་སོགས་ཡོད། ཕྲུ་གུ་ཚོའི་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་ཆེད་བུ་བཅོལ་ཁང་གིས་རྟག་ཏུ་ཕྲུ་གུ་སྒྲིག་འཛུགས་ཀྱིས་ཕྱིར་ཁྲིད་དེ་རྟེན་རྫས་བཤམས་མཛོད་ཁང་དང་། གནའ་མཁར། རྩི་ཤིང་ལྡུམ་ར། ཞིང་ར་བཅས་ལ་ལྟ་སྐོར་བྱས་ནས་མཐོང་རྒྱ་ཆེ་རུ་གཏོང་བ་དང་། དགའ་སྣང་གསོ་སྐྱོང་བྱེད་པ། འཛམ་གླིང་གི་ངོ་མཚར་ཉམས་སུ་རོལ་བ་བཅས་བྱེད་ཀྱི་ཡོད།
བུ་བཅོལ་ཁང་གི་ཕྱིར་ཡང་ཕྲུ་གུ་ཚོའི་སྤྲོ་སྣང་ལྡན་པའི་གནམ་ས་ཡོད་པ་སྨོས་ཅི་དགོས། སྡེ་ཁུལ་སྤྱི་ཕན་མཐུན་ཚོགས་ཀྱིས་བྱིས་པ་ཚོར་སློབ་སྦྱོང་དང་རོལ་རྩེད་ཀྱི་བར་སྟོང་དེ་བས་མང་བ་མཁོ་འདོན་བྱས་པས་ལོན་མི་འདྲ་བའི་ཕྲུ་གུས་རང་ཉིད་ཀྱི་དགའ་སྣང་གཞིར་བཟུང་རི་མོ་དང་། ཞབས་བྲོ། སྐད་ཡིག ཁྲང་ཞི། རོལ་དབྱངས། ལུས་རྩལ་སོགས་བློ་འབྱེད་དང་གསོ་སྦྱོང་རིགས་བཅུ་ཕྲག་ཁ་ཤས་ནང་ཞུགས་ཆོག སློབ་གསེང་འཛིན་གྲྭ་དེ་དག་གིས་ཁེ་ཕན་དམིགས་ཡུལ་དུ་མ་བྱས་པར་སྤྱིར་བཏང་བྱས་ནས་སློབ་དུས་གཅིག་ལ་སློབ་ཡོན་ཡོ་སྒོར་200བསྐྱལ་ན་རི་མོའི་སློབ་ཚན་སྐབས་པིན་སྨྱུག་དང་། ཤོག་བུ། ཚོན་ཁྲ་སོགས་ཚང་མ་རིན་མེད་ངང་སྤྲོད་ཀྱི་ཡོད། སློབ་དུས་མཇུག་འགྲིལ་རྗེས་དགེ་རྒན་ཚོས་ཕྲུ་གུ་སོ་སོའི་རི་མོའི་དེབ་བཟོས་ནས་གསལ་བཤད་ཡི་གེ་བྲིས་ཏེ་ཕྲུ་གུ་ཚོར་སྤྲད་ཐོག་ད་དུང་ཁོང་ཚོར་འོག་འཇུག་དཀར་པོ་ཞིག་སྤྲད་པ་དེའི་ཐོག་རང་སོ་སོའི་རི་མོ་ཡག་ཤོས་དེ་བྲིས་ནས་དགེ་རྒན་ཚོས་དེའི་ཐོག “ང་ནི་རི་མོ་མཁས་ཅན་ཆུང་ཆུང་ཞིག་ཡིན ”ཞེས་པའི་ཡི་གེ་འབྲི་གི་ཡོད། དམིགས་བསལ་ལྡན་པའི་ལག་རྟགས་དེ་དག་ཐོབ་དུས་ཡིད་ཆེས་དང་སྤྲོ་སྣང་འཕྲལ་མ་ཉིད་དུ་ཕྲུ་གུ་ཚོའི་ངོ་གདོང་ནས་མངོན།
ཧྥ་རན་སེའི་བུ་བཅོལ་ཁང་གི་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ་བྱེད་པའི་བྱེད་ཐབས་དེས་ཕྲུ་གུ་ཚོའི་བདེ་སྐྱིད་ལྡན་པའི་བྱིས་དུས་ལ་བཀྲག་མདངས་གསར་པ་བསྣན་ཡོད།