མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཁེ་རོ་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། པ་ཀ་ཏ་ནས་གནས་ཚུལ་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་3ཉིན་གྱི་སྔ་དྲོ་དབྱི་རག་གི་ཤར་རྒྱུད་ཞིང་ཆེན་ཏི་ཡ་ལ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པ་ཀུའུ་པའི་ཉེ་འདབས་སུ་འབར་གས་འཇབ་རྒོལ་གྱི་དོན་རྐྱེན་ཐེངས་གཉིས་བྱུང་ནས་ཉུང་མཐར་ཡང་མི་10རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི 30ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
དབྱི་རག་གི་ནང་སྲིད་པུའི་དཔོན་རིགས་ཀྱིས་ངོ་སྤྲོད་བྱས་པར་གཞིར་བཟུང་། རང་སྲོག་གཅོད་པའི་འབར་གས་དོན་རྐྱེན་ཐེངས་དང་པོ་དེ་ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་8ཙམ་ལ་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་དམག་དོན་རྟེན་གཞི་ཞིག་གི་ཕྱི་རོལ་དུ་ལུས་ཐོག་གི་འབར་རྫས་འབར་དུ་བཅུག་པ་དང་སྐར་མ་གཉིས་ཀྱི་རྗེས་སུ་འབར་རྫས་བླུགས་ཡོད་པའི་རླངས་འཁོར་གཞན་ཞིག་ས་གནས་དེ་ནས་བར་ཐག་སྨི་30ཡོད་པའི་སར་འབར་གས་བྱུང་བ་རེད། རྨས་སྐྱོན་ཕོག་པ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣ་གཙོ་བོ་ནི་སྲིད་གཞུང་དང་མཉམ་ལས་བྱེད་པའི་དྲག་ཆས་རྩ་འཛུགས “རྨོངས་སད་ཨུ་ལྷན ”གྱི་ཁོངས་མི་དང་དབྱི་རག་གི་བདེ་འཇགས་དཔུང་སྡེའི་དཔོན་དམག་ཡིན། “རྨོངས་སད་ཨུ་ལྷན ”གྱིས་བདེ་འཇགས་དཔུང་སྡེར་གཞོགས་འདེགས་བྱས་ནས “རྟེན་གཞི ”སོགས་འཇིགས་སྐུལ་རྩ་འཛུགས་ལ་འགྲན་རྒོལ་བྱེད་ཀྱི་ཡོད། འཇབ་རྒོལ་དོན་རྐྱེན་ཐོན་སྐབས “རྨོངས་སད་ཨུ་ལྷན ”གྱི་ཁོངས་མི་མང་པོ་ཞིག་གིས་དམག་སྒར་དུ་ཕོགས་སྣོན་ལེན་བཞིན་ཡོད།
ཏི་ཡ་ལ་ཞིང་ཆེན་དབྱི་རན་དང་འབྲེལ་འདུག་པ་དང་2003ལོར་ཨ་རིས་དབྱི་རག་དམག་འཁྲུག་བསླངས་ཚུན་ཞིང་ཆེན་དེ་ནི “རྟེན་གཞི ”དང་འཇིགས་སྐུལ་རྩ་འཛུགས་གཞན་དག་མང་པོ་ཡོད་པའི་ས་ཁུལ་ཞིག་ཏུ་གྱུར། ཨ་རིའི་དམག་དཔུང་འདི་ལོའི་ལོ་མཇུག་ཏུ་དབྱི་རག་ནས་ཡོངས་སུ་ཕྱིར་འཐེན་བྱ་རྒྱུ་ཡིན་པ་དང་དབྱེ་ཞིབ་མཁན་གྱིས་དྲག་ཆས་པས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱེད་རིང་འཇབ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད།