རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་དྲུག་པ་ཚེས་3ཉིན་ཧྥ་རན་སེའི་གྲོང་ཁྱེར་ཀ་ནར་འཚོགས་པ་རེད། ཚོགས་འདུའི་སྔ་ནུབ་ཏུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ཁག་གཅིག་གིས་ད་རེས་ཀྱི་དབུ་ཚོགས་ལ་དོ་ཁུར་བྱེད་པའི་གཙོ་གནད་དང་རེ་སྒུག་བྱེད་ལུགས་མཚོན་པར་བྱས་པ་རེད། མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་ཐོག་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བ་དང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཐུན་མོང་གི་སེམས་ཁུར་ཞིག་ཡིན་པ་དང་དུས་མཚུངས་རྒྱལ་ཁབ་མང་པོ་ཞིག་གིས་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་བསམ་འཆར་ལ་མཐོང་ཆེན་བྱེད་རྒྱུའི་བསམ་འདུན་མཚོན་པར་བྱས་ཡོད།
ཀ་ནའི་དབུ་ཚོགས་འཚོགས་རྗེས་མོ་ཞི་ཁོས་ཧྥ་རན་སེའི་ཚབ་བྱས་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགན་འཁུར་ཀྲུའུ་ཞིའི་རྒྱལ་ཁབ་ཏུ་གྱུར་པ་རེད། ཉེ་ཆར་མོ་ཞི་ཁོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གཅིག་གིས་མོ་ཞི་ཁོས་ད་རེས་ཀྱི་དབུ་ཚོགས་ཐོག་ཕྱོགས་ཁག་གི་ལངས་ཕྱོགས་ལ་མཐུན་སྦྱོར་བྱས་ནས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་ཐུན་མོང་གི་ལྟ་སྟངས་ཆགས་རྒྱུར་སྐུལ་མ་བཏང་སྟེ་དཔལ་འབྱོར་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་གྲུབ་བདེ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
མོ་ཞི་ཁོའི་ཙུང་ཐུང་ཁང་གི་བུད་མེད་མགྲིན་ཚབ་པ་སུའོ་ཐ་ཡིས་གསར་དར་རྒྱལ་ཁབ་ལ་རྒྱལ་སྤྱིའི་རྩ་འཛུགས་ཁག་ནང་དེ་བས་ཆེ་བའི་བར་ཁམས་ཡོད་པ་བྱེད་རྒྱུ་དེ་ནི་གལ་ཧ་ཅང་ཆེ་བ་ཞིག་ཡིན་པ་དང་འཛམ་གླིང་གི་དཔལ་འབྱོར་ཚན་པ་གཙོ་བོས་འཛམ་གླིང་གི་དཔལ་འབྱོར་ཡམ་ཡོམ་བྱེད་པའི་ཐད་ཁ་གསལ་བ་དང་། མཐུན་སྦྱོར་གཅིག་མཐུན། ནུས་པ་ཆེན་པོ་ལྡན་པ་བཅས་ཀྱི་ཐག་གཅོད་ཇུས་གཞི་ཞིག་ཡོད་དགོས་ཞེས་ནན་བཤད་བྱས་པ་རེད།
ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཚུའེ་ཐེན་ཁའེ་ཡིས་རྒྱལ་ཁབ་ཉི་ཤུ་ཚོགས་པ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ད་རེས་ཀྱི་དབུ་ཚོགས་ཐོག་དཀའ་ངལ་མཉམ་སེལ་དང་མཉམ་ལས་དང་ཚང་མར་ཕན་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་དབར་མཐུན་སྒྲིལ་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་ཁྱབ་ཁོངས་ཀྱི་གལ་ཆེ་བ་དང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་འདུ་བ། ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་ངོ་རྒོལ་བྱེད་པ། ལྷོ་བྱང་འཕེལ་རྒྱས་ཀྱི་དོ་སྙོམས་མེད་པའི་གནད་དོན་ལ་མུ་མཐུད་དོ་ཁུར་བྱེད་པ། གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བ་དང་འཕར་བ་བྱེད་པའི་ཐད་ཕུལ་བའི་དགེ་མཚན་ལྡན་པའི་ལེགས་སྐྱེས་ལ་དོན་དངོས་དང་མཐུན་པའི་ངོས་འཛིན་བྱེད་པ། གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བསམ་འཆར་ལ་མཐོང་ཆེན་བྱེད་པ། རྒྱལ་ཁབ་དེ་དག་གི་འཐུས་མིའི་རང་བཞིན་དང་གཏམ་བཤད་བྱེད་དབང་མང་དུ་གཏོང་བ་བཅས་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་རྒྱལ་ཁབ་ཉི་ཤུ་ཚོགས་པས་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བདག་དབང་བུ་ལོན་གྱི་ཉམས་ཉེན་དང་། ཚོང་ཟོག་འབོར་ཆེན་གྱི་རིན་གོང་མཐོ་སར་གཡོ་འགུལ་ཐེབས་པ། གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་བའི་གནོན་ཤུགས་ཆེ་རུ་འགྲོ་བ་སོགས་ཀྱི་གནད་དོན་ལ་འོས་འཚམས་ངང་ཁ་གཏད་འཇལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
ལྷོ་ཨ་ཧྥེ་རི་ཁ་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནང་གི་ཨ་ཧྥེ་རི་ཁ་སྐམ་ས་ཆེན་པོའི་ཁོངས་མི་འབའ་ཞིག་དེ་ཡིན། ཉེ་ཆར་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཁང་གིས་གསལ་བསྒྲགས་སྤེལ་བའི་ནང་ལྷོ་ཨ་ཧྥེ་རི་ཁས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་ལས་ཞུགས་ལ་ཇི་ལྟར་བྱས་ནས་སྐུལ་འདེད་གཏོང་བ་དང་དེ་བཞིན་ཨ་ཧྥེ་རི་ཁ་སྐམ་ས་ཆེན་པོའི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་རྒྱུ་དེ་གྲོས་འགོ་གཙོ་བོར་བརྩི་རྒྱུ་སྐུལ་མ་གཏོང་བ་དང་དུས་མཚུངས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲིག་གཞིར་སྒྱུར་བཅོས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་མཚོན་པར་བྱེད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་བཤད་ཡོད་པ་རེད།
ཉེ་ཆར་ཨུ་རུ་སུའི་ཙུང་ཐུང་ལས་རོགས་ཏེ་ཝོར་ཁེ་ཝུའེ་ཆིས་ཨུ་རུ་སུས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་སྐབས་རིམ་བྱུང་གི་དབུ་ཚོགས་ཐོག་བྱས་པའི་གཏན་འབེབས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་གལ་ཆེའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ལ་སྒྱུར་བཅོས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྩ་འཛུགས་དེའི་ཐབས་ཇུས་ཚང་མའི་ནང་གཏམ་བཤད་བྱེད་དབང་དེ་བས་ཆེ་བ་ཡོད་པ་བྱེད་དགོས་པའི་རེ་བ་བཏོན་ཡོད། གཞན་ཡང་ནོར་སྲིད་ཀྱི་མཚལ་ཡིག་ཉུང་དུ་གཏོང་བའི་གནད་དོན་ཐད་ཀྱི་ཨུ་རུ་སུའི་རྣམ་འགྱུར་བློ་ཐག་ཆོད་པོ་ཡོད་ལ་འབོ་གསེར་རྒྱལ་ཁབ་དང་མཐུན་སྦྱོར་བྱས་ནས་བྱ་སྤྱོད་སྤེལ་རྒྱུ་རེད་ཅེས་བཤད་པ་རེད།
པར་ཙིར་གྱི་ཙུང་ཐུང་ཁང་གི་གསར་འགྱུར་མགྲིན་ཚབ་པ་པ་ཨའེ་ན་ཡིས་ཀ་ནའི་དབུ་ཚོགས་ཀྱིས་ཉིན་རེ་བཞིན་ཚབས་ཆེར་འགྲོ་བའི་གོ་ལ་ཧྲིལ་པོའི་དངུལ་རྩའི་དུས་བབ་ཞི་ལྷོད་དུ་གཏོང་བ་དང་འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་པར་ཙིར་གྱིས་རེ་བ་བྱེད་ཀྱི་ཡོད། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་བྱ་སྤྱོད་འགོར་བ་དེར་པར་ཙིར་གྱིས་འདོད་བློ་ཁེངས་པོ་མི་བྱེད་པ་དང་རོགས་སྐྱོབ་བྱ་རྒྱུར་ངོ་རྒོལ་བྱེད་བཞིན་པའི་དར་རྒྱས་ཆེ་བའི་རྒྱལ་ཁབ་འགའ་ཞིག་ལ་འཕྲལ་ཐག་ཆོད་པའི་བྱ་སྤྱོད་སྤེལ་རྒྱུའི་རེ་བ་བཏོན་པ་རེད། པར་ཙིར་གྱིས་དབུ་ཚོགས་ཐོག་དེ་སྔ་གྲོས་འཆམ་བྱུང་བའི་འཆར་གཞི་ཁག་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐུལ་མ་བཏང་ནས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཞུགས་པ་དང་ཇུས་ཐག་གཅོད་པའི་བསྡུར་ཚད་མང་དུ་གཏོང་རྒྱུའི་རེ་བ་དྲག་པོ་འདོན་གྱི་ཡོད་ཅེས་བཤད་པ་རེད།
དབྱེ་ཞིབ་མི་སྣས་ད་རེས་ཀྱི་དབུ་ཚོགས་ཐོག་ཨ་རིའི་ལྟེ་བའི་རེ་འབོད་ནི་རྒྱལ་ནང་གི་ལས་ཀ་ཤོར་ཚད་མཐོ་བ་དང་། མཚལ་ཡིག་མཐོ་བ། འཕར་ཚད་དམའ་བ་སོགས་དཔལ་འབྱོར་འགྲན་སློང་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་ཁ་གཏད་འཇལ་ཐབས་འཚོལ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཨ་རིའི་ཙུང་ཐུང་ཨའོ་པ་མས་ཉེ་ཆར་དབྱིན་ཇིའི 《དངུལ་རྩའི་སྐབས་དོན་ཚགས་པར 》ཐོག་རྩོམ་ཡིག་སྤེལ་ནས་ད་རེས་ཀྱི་དབུ་ཚོགས་ཐོག་ཨ་རིས་དོ་ཁུར་བྱེད་པའི་གྲོས་རིམ་ཁག་བཞི་རྒྱས་བཤད་བྱས་པ་སྟེ། ཨ་རིའི་དཔལ་འབྱོར་འཕར་ཚད་མགྱོགས་སུ་བཏང་སྟེ་འཛམ་གླིང་གི་དཔལ་འབྱོར་ལ་སྐུལ་མ་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་། ཡོ་རོབ་ཀྱི་བདག་དབང་གི་བུ་ལོན་གྱི་ཉམས་ཉེན་གང་མགྱོགས་ཐག་གཅོད་བྱས་ཏེ་ཡོ་རོབ་ཀྱི་བུ་ལོན་གྱི་ཉམས་ཉེན་རྒྱ་ཆེར་མི་འགྲོ་བ་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཁག་གིས་རང་རང་སོ་སོའི་འགན་འཁྲི་སྒྲུབ་སྟེ་འཛམ་གླིང་གི་དཔལ་འབྱོར་དོ་སྙོམས་ངང་འཕར་བ་དང་རྒྱུན་མཐུད་ཡོང་བ་དང་དོ་སྙོམས་མེད་པའི་གནས་སུ་བསྐྱར་དུ་མི་གྱར་བ་བྱེད་དགོས་པའི་ནན་བཤད་བྱེད་པ། རྒྱལ་སྤྱིའི་མཉམ་ལས་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་དེའི་ནང་འཕར་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དང་རྒྱལ་སྤྱིའི་རོགས་སྐྱོར་སོགས་ཚུད་ཡོད་པ་བཅས་རེད།
ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་ཀྲུའུ་ཞི་ཧྥན་ལུང་ཕེ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ལུའོ་ཙུའོ་ཡིས་ཉེ་ཆར་མིང་མཉམ་བཀོད་ཀྱི་ཡི་གེ་སྤེལ་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ཁག་ལ་ཐུན་མོང་གི་འགན་འཁྲི་སྒྲུབ་པ་དང་ཐུན་མོང་གི་བྱེད་ཐབས་སྤྱད་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་དོ་སྙོམས་ངང་འཕར་བ་དང་། ཁྲོམ་རའི་ཡིད་ཆེས་བསྐྱར་དུ་འཛུགས་པ། དངུལ་རྩའི་བརྟན་ལྷིང་མཐའ་འཁྱོངས་བྱེད་པ་བཅས་ཀྱི་འགན་ལེན་བྱེད་དགོས་པའི་རེ་འབོད་བྱས་པ་རེད།