ནེ་པ་ལའི་ནང་འཁྲུག་མཇུག་འགྲིལ་ནས་ལོ་5ཡི་རྗེས་སུ་ནེ་པ་ལའི་སྲིད་ཏང་གཙོ་བོའི་དབར་ཚེས་1ཉིན་གྱི་དགོང་མོར་ཞི་བའི་འཕེལ་རིམ་ཁྲོད་ཀྱི་དམག་དཔུང་ལེགས་སྒྲིག་དང་རྩ་ཁྲིམས་བཟོ་བ་དང་དེ་བཞིན་དབང་ཆ་བགོ་བཤའ་སོགས་ཀྱི་གནད་དོན་ཐད་མཐར “ལམ་ཚད་རྡོ་རིང་ལྟ་བུའི ”ཐུན་མོང་གི་ངོས་འཛིན་བྱུང་བ་རེད།
སྒོ་རྒྱག་ཚོགས་འདུ་ཐེངས་མང་འཚོགས་པ་བརྒྱུད་ཚེས་1ཉིན་གྱི་དགོང་མོར་སྲིད་སྐྱོང་ཏང་ནེ་པ་ལ་མཉམ་འབྲེལ་གུང་ཁྲན་ཏང (མའོ་རིང་ལུགས )དང་ནེ་པ་ལ་ཚོགས་ཆེན་ཏང་། ནེ་པ་ལ་གུང་ཁྲན་ཏང (མཉམ་འབྲེལ་མར་ལེ )བཅས་ཀྱི་དབར་མཐར་གྲོས་མཐུན་བཞག་པ་རེད། སྲིད་ཏང་ཁག་གིས་ཟླ་འདིའི་ཚེས་23ཉིན་གྱི་གོང་དུ་ནེ་པ་ལ་མཉམ་འབྲེལ་གུང་ཁྲན་ཏང (མའོ་རིང་ལུགས )གི་དྲག་ཆས་མི་སྣ་ཁྲི་1.9ཡི་ལེགས་སྒྲིག་དང་བཀོད་སྒྲིག་ལས་དོན་ལེགས་སྒྲུབ་བྱ་རྒྱུར་མོས་མཐུན་བྱས་པ་རེད།
གྲོས་མཐུན་ལྟར་ན་ནེ་པ་ལ་མཉམ་འབྲེལ་གུང་ཁྲན་ཏང (མའོ་རིང་ལུགས )གིས་ཟླ་འདིའི་ཚེས་23ཉིན་གྱི་གོང་བདག་ཏུ་བཟུང་བའི་སྤྱི་པའམ་ཡང་ན་སྒེར་གྱི་རྒྱུ་ནོར་ཕྱིར་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། དུས་མཚུངས་རིམ་པ་མཐོ་གྲས་ཀྱི་ཆབ་སྲིད་གྲོས་མོལ་ལམ་སྲོལ་བཙུགས་ཐོག་རྩ་ཁྲིམས་བཟོ་ཚད་མགྱོགས་སུ་བཏང་སྟེ་ཞི་བའི་འཕེལ་རིམ་སྔ་ཙམ་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།
ས་གནས་དེ་གའི་ཆབ་སྲིད་དབྱེ་ཞིབ་མི་སྣས་དེ་ནི་2006ལོར་ནེ་པ་ལར་ཞི་བའི་གྲོས་མཐུན་ལ་སྒོ་ཀུན་ནས་མིང་རྟགས་བཀོད་ཚུན་སྲིད་ཏང་ཁག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཞིག་དང་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཞིག་ཡིན་པ་དང་། གྲོས་མཐུན་དེ་ལག་བསྟར་བདེ་བླག་བྱེད་ཐུབ་མིན་ནི་ནེ་པ་ལས་ཞི་བའི་འཕེལ་རིམ་ལེགས་སྒྲུབ་ཡོང་མིན་ཐག་གཅོད་པའི་འགག་རྩ་ཡིན་པའི་ངོས་འཛིན་བྱས་པ་རེད།