ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི 《མཚོ་ཁུག་གསར་འགྱུར་ཚགས་པར 》ཐོག་ཚེས་2ཉིན་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན ( མཚོ་ཁུག་མཉམ་ལས་ཨུ་ལྷན )དང་ཨུ་རུ་སུའི་དབར་གྱི་འཐབ་ཇུས་སྐད་ཆ་ཤོད་རེས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་འཆམ་བྱས་པའི་ཡེ་མེན་གནད་དོན་གྱི་གྲོས་ཆོད་དཔེ་གཞིར་བྱས་ནས་སི་རི་ཡའི་གནད་དོན་ཞི་བས་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད། ཚོགས་འདུའི་ཐོག་སི་རི་ཡའི་ཙུང་ཐུང་ཨ་ས་ཏེས་ལས་ཁུར་དགོངས་ཞུ་བྱ་རྒྱུའི་རེ་བ་བཏོན་མེད།
མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ཚོགས་འདུར་ཞུགས་མཁན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཡིས་ཨ་རབ་རྒྱལ་ཁབ་ཀྱིས་སི་རི་ཡའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་ཉམས་ཉེན་གྱི་གནས་ལས་མཉམ་དུ་སྒྲོལ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་དང་། ཨ་རབ་མི་དམངས་ཀྱིས་ཨ་རབ་ཀྱི་འཛམ་གླིང་ཁྱབ་ཁོངས་ནང་སི་རི་ཡའི་རྒྱལ་ནང་གི་ཛ་དྲག་དུས་བབ་སེལ་རོགས་བྱས་ཏེ་སི་རི་ཡའི་གནད་དོན་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་ངོ་རྒོལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལོ་ཕུའུ་ཡིས་སི་རི་ཡའི་གནད་དོན་ཐག་གཅོད་བྱ་སྐབས་ཡེ་མོན་དང་འདྲ་བའི་ཐག་གཅོད་ཇུས་གཞིར་བརྩི་སྲུང་ཞུས་ནས་སི་རི་ཡ་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་དབར་གྲོས་མཐུན་འཇོག་དགོས། སི་རི་ཡས་ཕྱི་ཕྱོགས་ཀྱིས་ཐེ་གཏོགས་མི་བྱེད་པའི་གནས་ཚུལ་འོག་ཁོག་ཡངས་རང་བཞིན་གྱི་ཞི་བའི་སྐད་ཆ་ཤོད་རེས་བྱེད་པ་དང་མི་རིགས་ཞི་མཐུན་ཡོང་བ་བྱས་ཏེ་སི་རི་ཡའི་མི་དམངས་ཀྱིས་ཁོང་ཚོའི་འབྱུང་འགྱུར་གཏན་འཁེལ་བྱེད་དུ་འཇུག་རྒྱུར་ཨུ་རུ་སུས་རེ་བ་བྱེད་ཀྱི་ཡོད། དེ་སྔོན་སི་རི་ཡའི་གནད་དོན་ཐད་རྒྱལ་ཁབ་ཁ་ཤས་ཀྱིས “མི་སེར་ལ་སྲུང་སྐྱོང ”བྱེད་པའི་མིང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གང་བྱུང་དུ་སྤྱད་པར་བརྟེན། མཐར་སྔར་བཞིན་མི་ཁྲི་ཕྲག་འགའ་ཤི་བ་རེད། ཨུ་རུ་སུས་ལི་པི་ཡར་ཐོན་པའི་གནས་ཚུལ་ཐམས་ཅད་སི་རི་ཡར་སླར་ཡང་ཐོན་དུ་འཇུག་མི་སྲིད་ཅེས་གསུངས་པ་རེད།