དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • དབུན་ཅ་པའོ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཙུང་ལིའི་ཚོགས་འདུ་ཐེངས་བཅུ་པར་ཞུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དབུན་ཅ་པའོ་ཟླ་11ཚེས་7ཉིན་ཧྲེང་པི་ཏེ་པའོ་རུ་འཚོག་རྒྱུའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འགོའི་གཙོ (ཙུང་ལི )ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་པར་ཞུགས་རྒྱུ་ཡིན་ཞིང་། ཚེས་1ཉིན་ཕྱི་འབྲེལ་པུས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་ནས་ཙུང་ལི་དབུན་ཅ་པའོ་ད་རེས་ཕེབས་པའི་གནས་ཚུལ་དང་། ནང་དོན་གཙོ་བོ། སྔོན་དཔག་གི་གྲུབ་འབྲས། དོན་སྙིང་གལ་ཆེན་བཅས་ངོ་སྤྲོད་བྱས་པ་དང་སྦྲགས་གསར་འགོད་པའི་འདྲི་བར་ལན་ཡང་བསྐྱོན་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་སྤྱིའི་ས་ཁུལ་གྱི་དུས་བབ་ལ་ཪྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་འཛམ་གླིང་གི་དཔལ་འབྱོར་ཐད་ཉེན་ཁ་ཆེན་པོ་འཕྲད་པ་དེས་ཁོངས་མིའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འགྲན་སློང་དེ་བས་མང་བ་ཞིག་བཟོས་པ་དང་ཆབས་ཅིག་རྩ་འཛུགས་འདིའི་མཉམ་ལས་ལ་རེ་བ་དེ་བས་མཐོ་བའང་བཏོན་ཡོད། ད་རེས་ཀྱི་ཙུང་ལིའི་ཚོགས་འདུའི་གྲོས་དོན་གཙོ་བོ་ནི་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་འོག་ཁོངས་མིའི་རྒྱལ་ཁབ་ཀྱིས་ཇི་ལྟར་བྱས་ནས་འདི་ལོའི་ཟླ་དྲུག་པར་ཨ་སི་ཐ་ནའི་དབུ་ཚོགས་ཐོག་གི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་ཡག་པོ་བྱས་ནས་བདེ་འཇགས་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་གནས་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་ཞིབ་འཇུག་བྱ་རྒྱུ་དང་འབྲེལ་རྩ་འཛུགས་འདིའི་དུས་མཚམས་རྗེས་མའི་འཕེལ་རྒྱས་ཐད་འཆར་འགོད་ཀྱང་ཡག་པོ་བྱ་རྒྱུ་དེ་རེད། ད་རེས་ཀྱི་ཚོགས་འདུ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལོ་འཁོར་གསར་པ་འདིའི་ལོ་10ཡི་འཕེལ་རྒྱས་ཀྱི་འགོ་ཚུགས་ལོ་དང་དེ་བཞིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི “ཁྱིམ་མཚེས་མཛའ་མཐུན་གྱི་ལོ ”ཐོག་མ་དེ་དང་ཏག་ཏག་འཁེལ་བ་ཞིག་རེད། ད་རེས་ཀྱི་ཚོགས་འདུའི་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལོ་འཁོར་རྗེས་མའི་ལོ་10ཡི་དོན་དམ་མཉམ་ལས་ཀྱི་ནང་དོན་སྙིང་པོ་གཏན་འཁེལ་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ས་ཁུལ་དར་རྒྱས་དང་བརྟན་ལྷིང་ཡོང་རྒྱུར་སྐུལ་མ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།

        ད་རེས་ཀྱི་ཚོགས་འདུའི་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཙུང་ལི་དང་། ལྟ་ཞིབ་པའི་རྒྱལ་ཁབ་ཡིན་པའི་མོང་གོལ་དང་། ཕ་ཁི་སི་ཐན། དབྱི་རན། རྒྱ་གར་བཅས་དང་། དེ་བཞིན་མགྲོན་བདག་རྒྱལ་ཁབ་ཀྱི་སྐུ་མགྲོན་ཨ་ཧྥུ་ཀ་ནི་སི་ཐན་དང་། རང་བཙན་མཉམ་འབྲེལ་སྒྲིག་གཞི། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་ཐུན་མོང་རྩ་འཛུགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དེ་མཚུངས་རིམ་པའི་འགོ་ཁྲིད་མི་སྣ་ཞུགས་རྒྱུར་གདན་ཞུ་བྱས་ནས་རྒྱུན་སྲོལ་ལྟར་ཁོངས་མིའི་རྒྱལ་ཁབ་ཀྱི་ཙུང་ལིའི་ཁྱབ་ཁོངས་ཆུང་ངུའི་གྲོས་མོལ་དང་ཚོགས་ཞུགས་ཕྱོགས་ཁག་གི་ཁྱབ་ཁོངས་ཆེན་པོའི་གྲོས་མོལ། ཡིག་ཆར་མིང་རྟགས་འགོད་པའི་མཛད་སྒོ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། ཚོགས་འདུའི་རིང་ཙུང་ལི་དབུན་ཅ་པའོ་ཡིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཇལ་འཛོམས་གནང་རྒྱུ་ཡིན་པ་རེད།

        ད་རེས་ཀྱི་ཚོགས་འདུར་སྔོན་དཔག་བྱས་ནས་གཤམ་གསལ་གྱི་གྲུབ་འབྲས་ཁག་ཐོབ་རྒྱུ་ཡིན་པ་སྟེ། གཅིག་ནི་འཛམ་གླིང་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁུལ་གྱི་དཔལ་འབྱོར་དུས་བབ་ཐད་དགོངས་འཆར་བརྗེས་རེས་གང་ལེགས་གནང་ནས་ཐུན་མོང་གི་གཟིགས་སྟངས་དང་འདོད་ཚུལ་ཞིག་གྲུབ་རྒྱུ་དང་འབྲེལ་དེའི་ཐད་ལ 《མཉམ་འབྲེལ་གསལ་བསྒྲགས 》ཀྱང་སྤེལ་རྒྱུ་དང་། གཉིས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་ཀྱི་ཉམས་མྱོང་དང་གྲུབ་འབྲས་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་ནས་འབྱུང་འགྱུར་གྱི་ལས་དོན་གྱི་གཙོ་གནད་ཁ་ཕྱོགས་འཆར་འགོད་བྱ་རྒྱུ། གསུམ་ནི་ཕྱོགས་མང་ཞུགས་པ་དང་གཉིས་ཕན་མཉམ་ཁེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ནས་རྣམ་གྲངས་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་བའི་བྱ་ཐབས་བཟོ་རྒྱུ། བཞི་ནས་རྩ་འཛུགས་འཛུགས་སྐྱོང་འཐུས་ཚང་དུ་བཏང་ནས་རྒྱུན་བཙུགས་སྒྲིག་གཞིའི་ལས་དོན་གྱི་གསོན་ཤུགས་འཕེལ་བ་བྱ་རྒྱུ་བཅས་རེད། ཙུང་ལི་དབུན་ཅ་པའོ་ཡིས་གཏམ་བཤད་གནང་རིང་ཀྲུང་གོ་ཕྱོགས་ཀྱི་འདོད་ཚུལ་བརྒྱུད་རིམ་ལྡན་པ་དང་ཁྱོན་ཡོངས་ཀྱི་སྒོ་ནས་ཞིབ་པར་གསུངས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཐད་ལ་ཞིབ་ཅིང་ཕྲ་བའི་གྲོས་འགོ་འདོན་རྒྱུ་ཡིན་པ་རེད། ཚོགས་འདུ་གྲོལ་རྗེས་རྒྱལ་ཁབ་ཁག་གི་ཙུང་ལིས 《མཉམ་འབྲེལ་སྤྱི་བསྒྲགས 》སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།