དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཡོ་རོབ་མནའ་འབྲེལ་གྱིས་ཁོངས་མིའི་རྒྱལ་ཁབ་ལ་རིག་གནས་ཐོན་ཁུངས་ཀྱི་གྲངས་གཞི་ཅན་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱིས་ཉིན་ཤས་གོང་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ལ་གྲོས་འགོ་བཏོན་ནས་ཁོངས་མིའི་རྒྱལ་ཁབ་ཁག་གིས་ཐོན་ཁུངས་སྔར་བས་མཉམ་སྤྱོད་ཧུར་ཐག་བྱེད་པ་དང་འབྲེལ་མི་སྒེར་གྱི་སྟོབས་ཤུགས་སྐུལ་སློང་གིས་རིག་གནས་ཐོན་ཁུངས་ཀྱི་གྲངས་གཞི་ཅན་གྱི་ལས་དོན་ཡག་པོ་བསྒྲུབ་སྟེ་མི་དེ་བས་མང་པོ་ཡོ་རོབ་ཀྱི་གྲངས་ཀའི་དཔེ་མཛོད་ཁང་བརྒྱུད་ཡོ་རོབ་ཀྱི་རིག་གནས་བརྩམས་ཆོས་ལྟ་ཐུབ་པ་བྱས་ནས་ཡོ་རོབ་ཀྱི་རིག་གནས་ཤུལ་བཞག་ལ་ཤེས་རྟོགས་དང་ངོས་འཛིན་ཐུབ་པ་བྱེད་པ་དང་འབྲེལ་རྣམ་གྲངས་དེ་བརྒྱུད་ཡོ་རོབ་ཀྱི་གསར་གཏོད་ཐོན་ལས་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

        ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱིས་ཁོངས་མིའི་རྒྱལ་ཁབ་ཀྱིས་བློས་འགེལ་ཆོག་པའི་འཆར་གཞི་བཟོས་པ་དང་སྦྲགས་ཕན་ཚུན་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་2015ལོར་སླེབས་དུས་ཡོ་རོབ་ཀྱི་གྲངས་གཞིའི་དཔེ་མཛོད་ཁང་ལ་ལྡན་པའི་ཐོན་ཁུངས་ཀྱི་གྲངས་གཞི་དེ་མིག་སྔའི་1900ནས་3000བར་མང་དུ་གཏོང་བ་དང་དུས་མཚུངས་བརྩམས་ཆོས་བདག་དབང་གི་སྲུང་སྐྱོབ་ཐོབ་རུང་རྒྱུན་གཏན་གྱི་ཚོང་ལས་ཐབས་ལམ་བརྒྱུད་ཐོབ་ཐབས་བྲལ་བའི་བརྩམས་ཆོས་དེ་བས་མང་བ་ལྟ་རྒྱུ་ཡོང་བ་བྱེད་པ་དང་འབྲེལ་རྒྱལ་ཁབ་ཁག་གི་ཁྲིམས་འཛུགས་དང་དེ་བཞིན་འབྲེལ་ཡོད་ཀྱི་འཐབ་ཇུས་དེ་དང་འཚམས་པ་བྱས་ནས་གྲངས་གཞི་ཅན་གྱི་རིག་གནས་ཐོན་ཁུངས་ཡུན་རིང་སྲུང་ཉར་ཐུབ་རྒྱུའི་འགན་ལེན་བྱེད་རྒྱུ་ཡིན་པ་རེད།

        ཁོངས་མིའི་རྒྱལ་ཁབ་ཁག་གིས་ཡོ་རོབ་ཀྱི་གྲངས་གཞིའི་དཔེ་མཛོད་ཁང་ལ་མཁོ་འདོན་བྱས་པའི་ཐོན་ཁུངས་དེ་བས་དོ་སྙོམས་ཡོང་བ་བྱ་ཆེད་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱིས་གྲོས་འགོའི་ནང་ད་དུང་ཁོངས་མིའི་རྒྱལ་ཁབ་ཚང་མས་ད་ཆ་ནས་2015ལོ་བར་ཐོན་ཁུངས་ཀྱི་ཚད་གཞི་དམའ་ཤོས་མཁོ་སྤྲོད་བྱེད་དགོས་པའི་གཏན་འཁེལ་བྱས་པ་རེད།

        2005ལོར་ཧྥ་རན་སེ་དང་། ཕོ་ལན། འཇར་མན། དབྱི་ཐ་ལི། སི་ཕེན། ཧང་ག་རི་བཅས་རྒྱལ་ཁབ་དྲུག་པོའི་འགན་བཞེས་བཞིན་པའི་འགོ་ཁྲིད་པས་ཡོ་རོབ་མནའ་འབྲེལ་ཨུ་ལྷན་ལ་མཉམ་འབྲེལ་ཐོག་ཡི་གེ་བཏང་སྟེ་ཡོ་རོབ་ཀྱི་གྲངས་གཞི་ཅན་གྱི་དཔེ་མཛོད་ཁང་འཛུགས་རྒྱུའི་རེ་འབོད་བྱས་པ་རེད། 2007ལོའི་ཟླ་བ་དགུ་པར་ཡོ་རོབ་དབྱི་ཧུའེ་གྲོས་ཚོགས་ཀྱིས་ཡོ་རོབ་ཀྱི་གྲངས་གཞིའི་དཔེ་མཛོད་ཁང་འཛུགས་རྒྱུའི་གྲོས་གཞིར་འདེམས་ཤོག་འཕངས་ནས་གྲོས་འཆམ་བྱས་པ་རེད། 2008ལོའི་ཟླ་11ཚེས་20ཉིན་ཡོ་རོབ་ཀྱི་གྲངས་གཞིའི་དཔེ་མཛོད་ཁང་རྣམ་གྲངས་ཀྱི་དྲ་ཚིགས་ཀྱིས་ཞབས་ཞུ་བྱེད་འགོ་ཚུགས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། དྲ་ཚིཌ་http//www.europeana.euལ་བཅར་འདྲི་ཞུས་ཚེ་འཛམ་གླིང་རྒྱལ་ཁབ་ཁག་གི་དྲ་བ་སྤྱོད་མཁན་གྱིས་རོལ་རྩེད་དང་ཡང་ན་ཞིབ་འཇུག་དང་ལས་ཀ་དམིགས་ཡུལ་དུ་བྱེད་པ་གང་ཡིན་རུང་ཚང་མར་རིན་སྐྱིན་མི་དགོས་པར་གྲངས་གཞི་ཅན་གྱི་ཡོ་རོབ་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྟོང་ཕྲག་མང་པོ་མཉམ་སྤྱོད་བྱེད་ཐུབ་ཀྱི་རེད།

        2009ལོ་ནས་2011ལོ་བར་ཡོ་རོབ་མནའ་འབྲེལ་གྱིས་ལོ་ལྟར་ཡོ་རོབ་གྲངས་གཞིའི་དཔེ་མཛོད་ཁང་གི་རྣམ་གྲངས་ལ་ཡོ་རོབ་ཀྱི་སྒོར་མོ་ཁྲི་ཚོ་བརྒྱ་ཕྲག་མཁོ་འདོན་བྱས་པ་དང་འབྲེལ་རྣམ་གྲངས་དེ་མ་འོངས་པར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་མི་སྒེར་གྱིས་མ་འཇོག་བྱ་རྒྱུའི་བསམ་གཞིག་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།