ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་ཉུང་དུ་གཏོང་ཕྱིར་ཧྥ་རན་སེ་སྲིད་གཞུང་གིས་རིན་ཐང་འཕར་བའི་དཔྱ་ཁྲལ་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་དེ་2012ལོར་སླེབས་སྐབས་ཡོ་རོབ་སྒོར་མོ་དུང་ཕྱུར་60ནས་ཡོ་རོབ་སྒོར་མོ་80(ཨ་སྒོར་དུང་ཕྱུར་83ནས་ཨ་སྒོར་དུང་ཕྱུར་111བར་ཙམ་ཡིན་པ )བར་འབབ་འཕར་རམ་གཏོང་སྒོ་ཉུང་དུ་གཏོང་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད།
ཧྥ་རན་སེའི 《བྲག་ཆ་ཚགས་པར 》ཐོག་ཟླ་10ཚེས་31ཉིན་གནས་ཚུལ་སྤེལ་བར་གཞིགས་ན། 2012ལོར་ཧྥ་རན་སེའི་དཔལ་འབྱོར་འཕར་རྒྱུའི་སྔོན་དཔག་དེ་1%ལས་མེད་པས་སྲིད་གཞུང་གིས་ཡོང་སྒོ་འཕར་སྣོན་དང་གཏོང་སྒོ་གྲོན་ཆུང་བྱས་ནས་ཆད་གྲངས་མཚལ་ཡིག་ཉུང་དུ་གཏོང་རྒྱུའི་ལས་འགན་ལེགས་སྒྲུབ་བྱེད་དགོས་པ་དང་རིན་ཐང་འཕར་བའི་དཔྱ་ཁྲལ་མཐོ་རུ་གཏོང་བ་ནི་གཏོང་སྒོ་ཉུང་དུ་གཏོང་བའི་བྱ་ཐབས་ཀྱི་གྲས་ཤིག་ཡིན་ཞིང་། མིག་སྔར་ཧྥ་རན་སེའི་རིན་ཐང་འཕར་བའི་དཔྱ་ཁྲལ་དེ་ཡོ་རོབ་ཀྱི་ངོས་ནས་དམའ་པོ་ཡིན་པ་དང་དེའི་ཁྲལ་བསྡུས་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་(GDP)གི་བསྡུར་ཚད་བཟུང་ཚད་དེ་ཡོ་རོབ་ཀྱི་རྒྱལ་ཁབ་27ནང་གི་ཨང་20པར་སླེབས་ཡོད་པ་རེད།
འོན་ཀྱང་ཧྥ་རན་སེའི་ཡུལ་མིའི་འཛད་སྤྱོད་ནུས་པ་ཆུང་དུ་མི་འགྲོ་བ་བྱ་ཆེད་སྲིད་གཞུང་གིས་གདམ་ག་ཡོད་པའི་ཀྱི་སྒོ་ནས་རིན་ཐང་འཕར་བའི་དཔྱ་ཁྲལ་སྤོར་རྒྱུའི་འཆར་གཞི་བཟོས་པ་དཔེར་ན། མིག་སྔར་ཁྲལ་བཅག་ཁྲལ་ཚད་5.5%ལོངས་སུ་སྤྱོད་རྒྱུའི་ཐོན་ཟོག་གི་རིན་ཐང་འཕར་བའི་དཔྱ་ཁྲལ་དེ་7%བར་མཐོ་རུ་གཏོང་རྒྱུ་དང་དེ་དག་དང་འབྲེལ་བའི་ཐོན་ལས་ནང་ཨར་ཁང་དང་། ཟ་ཁང་། སྡོད་ཁང་མཛེས་བཟོ་སོགས་ཚུད་ཡོད། བྱ་ཐབས་དེས་སྲིད་གཞུང་ལ་ཁྲལ་འབབ་ཡོ་རོབ་སྒོར་མོ་དུང་ཕྱུར་10(ཨ་སྒོར་དུང་ཕྱུར་14ཙམ་ཡིན་པ )ཡོང་རྒྱུ་ཡིན་པ་རེད།