དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • རིག་གནས་ལ་བརྟེན་ནས་བསམ་པའི་སྙིང་སྟོབས་རབ་ཏུ་འཕེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ཨུ་རུ་སུའི་ས་གཞི་ཆེ་མོའི་གང་ས་གང་དུ་དྲན་གསོའི་དངོས་པོ་མཐོང་བ་དང་བྱ་བ་དང་མིར་དྲན་གསོ་ཞུས་པ་ལས་སྤྱིར་བཏང་མིན་པའི་ལོ་ཟླ་མིག་ལམ་དུ་འཆར་ནས་བླ་ན་མེད་པའི་སྙིང་སྟོབས་ལ་དད་བཀུར་བྱེད་སེམས་ཆེ་རུ་སོང་བ་དང་མི་རིགས་ཀྱི་བླ་སྲོག་འཕེལ་བར་མྱོང་ཚོར་སྐྱེ་ཡི་ཡོད།

        2008ལོའི་སྟོན་དུས་སུ་ཕུའུ་ལ་ཏི་ཨའོ་སི་ཐོ་ཁེ་ནས་ཧ་པ་ལུའུ་ཕུའུ་སི་ཁོ་རུ་སྐྱོད་པའི་ལམ་བར་དུ་མཐོང་བའི་གནས་ཚུལ་ལས་རང་ཉིད་ལ་སེམས་འགུལ་ཟབ་མོ་ཐེབས་བྱུང་། གྲོང་ཁྱེར་དེ་དག་གི་སྦྲེལ་མཚམས་བྱ་ཡུལ་ལམ་ཡང་ན་ཐང་ཆེན་གྱི་དབུས་སུ་ཀྲོང་ངེར་ལངས་པའི་ཕུའུ་ཤིས་ཅིན་དང་། ཀའོ་འར་ཅི། ལེ་ཉིང་སོགས་ཀྱི་བསྐོས་བཪྙན་མཐོང་རྒྱུ་ཡོད་པ་མ་ཟད་ད་དུང་ཟླ་བ་བཅུ་པའི་གསར་བརྗེ་དང་རྒྱལ་སྲུང་དམག་འཁྲུག་གི་དྲན་གསོའི་གྱང་དང་དྲན་གསོའི་རྡོ་རིང་ཡང་མཐོང་རྒྱུ་ཡོད། རང་ཉིད་ལ་སེམས་འགུལ་དེ་བས་ཐེབས་པ་ཞིག་ནི་དྲན་གསོའི་གྱང་མདུན་གྱི་ཐང་ཆེན་ཆུང་ངུར་གཉེན་སྒྲིག་བྱེད་མཁན་གཞོན་ནུ་ཚོས་དེ་གར་ལྷག་བསམ་དཀར་གཙང་ངང་པར་རྒྱག་གི་ཡོད་པ་དེ་ནི་ཨུ་རུ་སུ་བའི་སྲོལ་རྒྱུན་ཡིན་ལ་རིག་གནས་གཏིང་ཟབ་ངང་རྒྱུན་དུ་འཛིན་པ་ཞིག་ཀྱང་རེད།

        ཐོག་མར་རང་ཉིད་ཀྱིས་དེ་ནི་ཨུ་རུ་སུའི་ཤར་ཕྱོགས་ཀྱི་ཁྱད་ཆོས་དང་ཧ་པ་ལུའུ་ཕུའུ་སི་ཁོ་རྒྱུད་ཀྱི་རང་གཤིས་ཅན་གྱི་དམངས་སྲོལ་མཚོན་ཚུལ་ཞིག་ཡིན་པའི་ངོས་འཛིན་བྱས། འོན་ཀྱང་རང་ཉིད་ཤར་ཕྱོགས་ནས་ནུབ་ཕྱོགས་བར་ཨུ་རུ་སུའི་ས་གནས་མང་པོར་བསྐྱོད་རྗེས་དེ་ནི་ཨུ་རུ་སུའི་ས་གཞི་ཆེ་མོ་ཡོངས་སུ་ཁྱབ་པ་ཞིག་ཡིན་པ་ཡ་མཚན་ངང་ཤེས་རྟོགས་བྱུང་། དབྱིའར་ཁུའུ་ཚེ་ཁེ་དང་། ཤིན་ཤིས་པོ་ལི་ཡ། ཀེ་ཧྲན། ཅི་ལོ་ཕུའུ་བཅས་དང་ལྷག་པར་དུ་མོ་སི་ཁོ་དང་ཧྲེན་པི་ཏེ་པའོ་སོགས་སུ་རླབས་པོ་ཆེ་དང་གྲགས་ཅན་མི་སྣའི་བསྐོས་བཪྙན་དང་དེ་བཞིན་དྲན་གསོ་ཁང་སོགས་གང་སར་མཐོང་རྒྱུ་ཡོད། བསམ་བློ་མཁས་ཅན་དང་རྩོམ་པ་པོ་མཁས་ཅན་འགའ་ཞིག་གི་འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་ལྡན་པའི་གཏམ་བརྗོད་དང་བརྩམས་ཆོས་རྒྱ་ཁྱབ་ངང་ཁྱབ་པ་མ་ཟད་མི་སེམས་སུའང་ཟུག་ནས་མི་རིགས་སྙིང་སྟོབས་ཀྱི་དཔལ་འབར་དང་བྱ་བ་སྒྲུབ་པའི་འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནད་ལུགས་ཀྱི་ཆུ་མིག་ལྟ་བུར་གྱུར་ཡོད།

        ཨུ་རུ་སུའི་མི་རིགས་རིག་གནས་ཀྱི་སྙིང་སྟོབས་ལ་ལོ་རྒྱུས་ཀྱི་འབྱུང་ཁུངས་གཏིང་ཟབ་ལྡན་ཡོད། པི་ཏེ་གོང་མ་ནས་བཟུང་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ལྡན་པའི་རིག་གནས་སྲོལ་རྒྱུན་ཞིག་ཆགས་པ་དང་ཨུ་རུ་སུའི་སྐབས་རིམ་བྱུང་གི་དབང་སྒྱུར་བས་རིག་གནས་འཛུགས་སྐྱོང་ཐད་དམིགས་སུ་དོ་སྣང་བྱེད་ཀྱི་ཡོད། དུས་རབས་བཅོ་བརྒྱད་པ་ནས་བཅུ་དགུ་པ་འགོ་ཚུགས་པའི་བར་ཨུ་རུ་སུར་བསམ་བློའི་གསར་བརྗེའི་ལས་འགུལ་རབ་དང་རིམ་པ་སྤེལ་བ་དང་ལྷག་པར་དུ་ཟླ་བ་བཅུ་གཉིས་པའི་ཏང་མིའི་གསར་བརྗེ་དང་ཕུའུ་ཅ་ཆའོ་ཕུའུ་ཡི་འོས་ལངས་མཚོན་བྱེད་དུ་བྱེད་པའི་བསམ་བློའི་གསར་བརྗེའི་ལས་འགུལ་ནང་ཁྱད་དུ་འཕགས་པའི་བསམ་བློ་མཁས་ཅན་དང་། རིགས་པའི་གཞུང་ལུགས་མཁས་ཅན། རྩོམ་པ་པོ། སྙན་ངག་པ་བཅས་ཁག་མང་པོ་ཐོན་པ་དང་ཁོང་ཚོས་ཨུ་རུ་སུའི་མི་རིགས་དེའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད་མི་རིགས་དེ་རང་གི་རིག་གནས་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་རིག་གནས་ལ་འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་དང་སྙན་ངག་གི་བྲོ་བ་དེ་བས་མང་བ་བསྣན་ཡོད། དེ་ནི་ཨུ་རུ་སུའི་རྒྱལ་ཁབ་ཀྱི་མཚོན་རྟགས་དང་མི་རིགས་ཀྱི་སྤོབས་པར་གྱུར་བ་མ་ཟད་ཨུ་རུ་སུ་བའི་ཤ་ཁྲག་དང་བླ་སྲོག་ཁྲོད་དུའང་གཅིག་ཏུ་འདྲེས་ནས་ཁོང་ཚོའི་ཚེ་སྲོག་གི་བརྟེན་ས་དང་འཚོ་བ་དོན་གཉེར་བྱ་ཡུལ་ཞིག་ཏུའང་གྱུར་ཡོད།

        ཨུ་རུ་སུ་བའི་ངོས་ནས་བརྗོད་ན་གྲོང་ཁྱེར་མང་དག་ཅིག་ལ་ཀྲོང་ངེར་གནས་པའི་བསམ་བློ་མཁས་ཅན་དང་། རིགས་པའི་གཞུང་ལུགས་མཁས་ཅན། རྩོམ་པ་པོ། སྙན་ངག་པ་བཅས་ཀྱི་བསྐོས་བཪྙན་དེ་དག་ནི་ཁོང་ཚོའི་བསམ་པའི་བརྟེན་ས་དང་འབྱུང་འགྱུར་ལ་ཕྱོགས་པའི་རེ་བ་ཡིན། དོན་དངོས་ཐོག་ད་ཆ 《དམག་འཁྲུག་དང་ཞི་བདེ 》དང་། 《ཨན་ན ·ཁ་ལི་ཉི་ན 》 《གོང་མའི་ཕོ་ཉ 》 སོགས་ལོ་རབས་ཡུན་རིང་ཙམ་སོང་བའི་རིག་གཞུང་གི་བརྩམས་ཆོས་ཁག་གཅིག་ལྟ་ཀློག་བྱེད་མཁན་ཀློག་པ་པོ་སྔར་བཞིན་མང་པོ་ཡོད། ལོ་རྒྱུས་ཀྱི་དུས་རབས་མི་འདྲ་བར་བྱུང་བའི་བརྩམས་ཆོས་རྩེ་གྲས་དེ་དག་བྲིན་ཁ་རྒྱུག་པའི་དེབ་ཅིག་ཏུ་གྱུར་བ་མ་ཟད་དེང་དུས་ཀྱི་སློབ་གྲྭའི་སློབ་གསོའི་ནང་བེད་སྤྱོད་ཀྱང་བཏང་ཡོད། དེའི་རྒྱུ་མཚན་གང་ཡིན་བརྗོད་ན། ཨུ་རུ་སུ་བ “བརྩམས་ཆོས་དེ་དག་ཨུ་རུ་སུའི་སྐད་ཡིག་དང་། རིག་གནས། ལོ་རྒྱུས། ཚན་ཉིད་རིག་པ། ཉམས་འགྱུར། དད་མོས་བཅས་ཀྱི་གཞི་བརྟེན་ཞིག་ཡིན་ལ་མི་རིགས་ཀྱི་ཚེ་སྲོག་གི་གཅེས་རྩོམ་དང་བསམ་པའི་བླ་སྲོག་ཅིག་ཀྱང་ཡིན་པར་བརྟེན་མ་ལྟས་ན་ག་ལ་འགྲིག ”ཅེས་ལན་བཏབ། ཨུ་རུ་སུར་འགྲོ་མྱོང་ཡོད་པ་དང་ས་གཞི་དེའི་རིག་གནས་ཀྱི་འགུལ་རྟགས་མྱོང་ཚོར་ཐུབ་མཁན་ཚང་མས་ལན་དེར་ཁས་ལེན་བྱེད་ངེས་ཡིན་པ་ངར་ཡིད་ཆེས་ཡོད།

        རིག་གནས་ཀྱི་འགྱིན་ལས་སྐྱེད་སྲིང་བྱེད་པ་ལས་འགྲུབ་པའི་ནང་གནས་བྱང་ཚད་དང་རིག་གནས་ཀྱི་སྙིང་དོན་ལས་འཕེལ་བའི་མི་རིགས་ཀྱི་སྙིང་སྟོབས་དེ་མཐར་མི་རིགས་བསྐྱར་དར་གྱི་ནང་གནས་སྒུལ་ཤུགས་ཤིག་ཏུ་གྱུར་ནས་ཨུ་རུ་སུའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་སྒུལ་ཤུགས་ཤིག་ཏུ་བསྒྱུར་རྒྱུ་ཡིན་པ་དེ་ཁྱེད་ཀྱིས་བསམ་བྱུང་ངམ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།