དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ཏི་ཀྲུང་རྒྱ་མཚོའི་ཉི་མ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲང་ཅ་ཧོང་གིས།   |     སྤེལ་དུས།  2015-05-15

        ལོ་75ཡི་གོང་དུ་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་ཞིག་གིས་རྒྱལ་ཁབ་གཞན་ལ་ཧྥ་རན་སེའི་སྒྱུ་རྩལ་གྱི་ཨང་དང་པོ་ཐོབ་སྐབས་ཏུན་ཧོང་ཤེས་རྟོགས་བྱུང་བ་དང་དེ་རྗེས་ཁོང་གིས་བློ་ཐག་ཆོད་པོའི་ངང་མེས་རྒྱལ་དུ་ལོག་ནས་ཏུན་ཧོང་འཚོལ་བའི་ལམ་དུ་སྐྱོད་ཡོད། ལོ་7རིང་ཀྱག་ཀྱོག་གི་ལམ་བུ་བརྒྱུད་མཐར་ཞིག་རོར་གྱུར་བའི་ཏུན་ཧོང་གི་མོ་ཀའོ་བྲག་ཕུག་ཏུ་སླེབས་རྗེས་ཏུན་ཧོང་གི་སྒྱུ་རྩལ་ལ་སྲུང་སྐྱོབ་བྱེད་པ་དང་དར་སྤེལ་གཏོང་བའི་དཀའ་ཚེགས་ཆེ་བའི་མི་ཚེ་སྐྱེལ་འགོ་ཚུགས། ཁོང་ནི་ངའི་ཕ་ཁྲང་ཧྲུའུ་ཧུང་ཡིན།

        2010ལོའི་ཟླ་6པར་ཧྲང་ཧའེ་ཡི་ཕྱེད་གླིང་གསོལ་མགྲོན་ཁང་གི་ཧྥ་རན་སེའི་སྒྱུ་རྩལ་མཁས་ཅན་ཅེ་ལར་ཏེའི་རོལ་དབྱངས་ཁྲོད་རི་མོ་འབྲི་བའི་མཚན་ཚོགས་ཐོག་ང་དང་ཧྥ་རན་སེ་ནས་ཡོང་བའི་མའེ་ཁ ·ཏའེ་ཨན་ན་བཟའ་ཚོ་འཕྲད་བྱུང་། ཏའེ་ཨན་ན་ཡིས་ངས་ཕ་འདས་པོའི་བསམ་འདུན་ལ་སྲུང་བརྩི་ཞུས་ཏེ་ཁོང་འཚོ་བཞུགས་སྐབས་ཀྱི་བརྩམས་ཆོས་ཧྥ་རན་སེར་སྤྲོད་རྩིས་ཡོད་པ་ཤེས་སྐབས་བྱ་བ་དེ་སྒྲུབ་རྒྱུར་སྐུལ་འདེད་གཏོང་བའི་སྤྲོ་སེམས་ཆེན་པོ་འཕེལ། ཏའེ་ཨན་ན་བཟའ་ཚོའི་འབད་བརྩོན་འོག་ད་ལོའི་ཟླ་9ཚེས་2ཉིན 《ཁྲང་ཧྲུའུ་ཧུང་གི་མི་ཚེ 》ཞེས་པའི་རོལ་དབྱངས་སྙན་ཚིག་རི་མོ་དེ་མཐར་ཧྥ་རན་སེའི་ལྷོ་རྒྱུད་ཀྱི་ཧྲེང་པའོ་ལུའོ་ཡི་ཏེ་དབང་སི་གནའ་གྲོང་དུ་ཚོགས་འགོ་ཚུགས་པ་རེད། ཧྥ་རན་སེའི་སྐད་གྲགས་ལྡན་པའི་སྒྲ་གདངས་མཐོ་བའི་བུད་མེད་གླུ་གཞས་མཁས་ཅན་དབྱི་ལི་ཧྲ་པའེ ·ཝུའེ་ཏའེ་དང་ངས་མཉམ་དུ་རོལ་དབྱངས་དང་རི་མོ་འབྲི་བའི་ཐབས་ཤེས་སྤྱད་དེ་ཀྲུང་གོར་དགའ་ཞེན་བྱེད་པ་དང་ཏུན་ཧོང་ལ་བློ་ཁ་ཕྱོགས་པའི་ལྟད་མོ་བ་བརྒྱ་ཕྲག་ཁ་ཤས་ལ་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་ལེགས་སྐྱེས་ཕུལ་ཡོད།

        འཁྲབ་སྟོན་འགོ་མ་ཚུགས་གོང་ང་འཁྲབ་ཡུལ་དུ་འབྱོར་སྐབས་ཧྥ་རན་སེའི་ཕྱོགས་ལས་གྲུབ་པའི་མི་བཅུ་ཕྲག་ཁ་ཤས་ཡོད་པའི་ཚོགས་པས་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད་པ་མཐོང་བས་སེམས་འགུལ་ཚད་མེད་ཐེབས་བྱུང་། ཁོང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་ཀྲུང་གོར་ཡོང་མྱོང་མེད་ཀྱང་མཛའ་གྲོགས་ཀྱི་བརྩེ་སེམས་ཤིག་བཅངས་ཏེ་རང་མོས་ངང་རོགས་པ་བྱེད་པར་ཡོང་བ་ནི་ཏའེ་ཨན་ན་བཟའ་ཚོ་ལས་ཁོང་ཚོར་སེམས་འགུལ་ཐེབས་པ་ཞིག་དང་ཁོང་གཉིས་ཀྱིས་བཤད་པའི་ཁྲང་ཧྲུའུ་ཧུང་ལས་སེམས་འགུལ་ཐེབས་པ་ཞིག་ཡིན་ལ་མི་རབས་གཉིས་པོས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སྒྱུ་རྩལ་གྱི་ཡང་དག་སྙིང་སྟོབས་ལས་སེམས་འགུལ་ཐེབས་པ་ཞིག་ཀྱང་རེད།

        རྔ་དང་པོ་དེ་བརྡུངས་རྗེས་ང་གར་སྟེགས་ཐོག་འཛེགས་ཏེ་རི་མོ་འབྲི་རས་ཀྱི་རྒྱབ་ཏུ་བསྐྱོད་དེ་གླུ་གཞས་མཁས་ཅན་དབྱི་ལི་ཧྲ་པའེ་ཡིས་སྒྲུང་གཏམ་ཤོད་པ་དང་ཆབས་ཅིག་སྤུ་སྨྱུག་འཁྱེར་ནས་རི་མོ་འབྲི་རས་ཀྱི་རྒྱབ་ཏུ་ཧང་ཀྲོའུ་དང་། མ་སའེ། ལི་ཨང་། ཕ་རི་སི། ཏུན་ཧོང་བཅས་རྒྱ་ཡིག་ཁ་ཤས་བྲིས་པ་དེ་ནི་པཱ་ལགས་ཀྱི་ཚེ་གང་རིང་གི་ཞབས་རྗེས་ཡིན།

        ཧང་ཀྲོའུ་ཡི་ལོ་ཆུང་བྱིས་པའི་དུས་རབས་དང་། ཨ་ནེའི་ཕྱི་ལུགས་པའི་ཆུ་མཚོན་རི་མོའི་བློ་འབྱེད། ལྕགས་ཕག་ལོའི་གསར་བརྗེའི་མེ་ལྕེ་གྲོང་ཁྱེར་ཡོངས་སུ་རབ་ཏུ་འབར་བ། ཧྥ་རན་སེར་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུའི་སྨོན་ལམ་བཅས་ཀྱི་རོལ་དབྱངས་ཀྱི་མཚམས་ཚིག་དང་རྒྱས་བཤད་བྱས་པ་དང་ཆབས་ཅིག་རི་མོ་འབྲི་རས་ཐོག་ཐོན་པའི་མཚོན་ལྡན་ཐིག་རིས་སྣ་ཚོགས་ལས་ཁྲང་ཧྲུའུ་ཧུང་གི་སྤྱིར་བཏང་མིན་པའི་ཚེ་གང་མཚོན་པར་བྱས་ཡོད།

        རྒྱ་མཚོ་སྒྲོལ་ནས་ཧྥ་རན་སེའི་ལི་ཨང་དང་ཕ་རི་སིར་འབྱོར་ནས་རི་མོའི་ཐོག་གི་འོད་ཟེར་རབ་ཏུ་འཕྲོ་བའི་མཚོན་མདངས་དེ་དག་ལས་སྒྱུ་རྩལ་གྲོང་ཁྱེར་གྱི་མཛེས་སྡུག་དང་ལུའུ་ཕུའུ་ཕོ་བྲང་ནས་ཐོན་ཏེ་སའེ་ན་གཙང་འགྲམ་དུ་སྐྱོད་སྐབས་ཏུན་ཧོང་ཤེས་རྟོགས་བྱུང་སྟེ་སེམས་འགུལ་ཐེབས་པ་དང་བསམ་བློ་ཡང་ཡང་བཏང་ནས་ཏུན་ཧོང་དུ་བསྐྱོད་རྒྱུ་སེམས་ཐག་བཅད་པ་མཚོན་ཡོད། ཏུན་ཧོང་དུ་འབྱོར་རྗེས་ལོ་བཅུ་ཕྲག་ཁ་ཤས་རིང་དཀའ་ཚེགས་ཆེ་བའི་སྲུང་སྐྱོབ་དང་ཞིབ་འཇུག་བྱས་པའི་སྐོར་མཚོན་སྐབས་རི་མོ་དེ་བརྩེ་དུང་ལྡན་པ་དང་ཆབས་ཅིག་རྦ་རླབས་ལང་ལོང་དུ་འཕྱུར་བ་ལྟར་དང་དགའ་སྐྱིད་ལྡན་པའི་རོལ་དབྱངས་ཁྲོད་ཕུང་ཕི་ཏུའུ་ཡིས་ཀྲུང་གོར་འཚམས་འདྲི་ཞུ་བ་དང་ཁྲང་ཧྲུའུ་ཧུང་ཏུན་ཧོང་དུ་བསྐྱར་ལོག་བྱས་ཏེ་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པའི་ལམ་རྒྱུད་སོགས་རྒྱས་བཤད་བྱས་ཡོད། རྔམ་བརྗིད་ཆེ་བའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་རི་མོའི་ཐོག་ཧྲེང་པོའོ་ལུའོ་ཡི་ཏེ་དབང་སི་གནའ་གྲོང་དང་། ཏུན་ཧོང་། མཁའ་འགྲོ་མ། ཏི་ཀྲུང་རྒྱ་མཚོའི་གནའ་གྲོང་གི་མཁའ་དབྱིངས་ཀྱི་ཉི་མ་དང་ཏུན་ཧོང་གི་མེ་ལྕེ་བཅས་རིམ་བཞིན་མངོན་པར་བྱས་ཡོད།

        སྐབས་ཤིག་རིང་ཁུ་སིམ་མེར་གནས་རྗེས་ཕྱོགས་བཞི་མཚམས་བརྒྱད་ནས་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་ཚོགས་ར་དེ་མེ་ལྕེ་རབ་ཏུ་འབར་བ་ལྟར་ཚ་ཚ་འུར་འུར་དུ་གྱུར་པ་དང་ཧྲེང་པའོ་ལུའོ་ཡི་ཧྲེ་ཀྲང་གིས་མ་སའེ་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བར་ཕེབས་རོགས་ཞུས་ཏེ་གར་སྟེགས་ཐོག་འཛེགས་ནས་ང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་བྱུང་།

        དགའ་སྤྲོ་རབ་ཏུ་འཁོལ་བའི་རྣམ་པའི་ཁྲོད་དུ་ངས་སེམས་འགུལ་ཐེབས་པའི་ངང་ལྟད་མོ་བ་ཚོར་ལོ་བདུན་ཅུ་ཡི་གོང་ངའི་ཕས་ཧྥ་རན་སེའི་སྒྱུ་རྩལ་གྱི་མེ་སོན་དེ་མེས་རྒྱལ་དུ་བསྣམས་པ་མ་ཟད་ཏུན་ཧོང་གི་སྒྱུ་རྩལ་ལ་སྲུང་སྐྱོབ་དང་ཞིབ་འཇུག་གནང་ཆེད་ཚེ་གང་ལེགས་སྐྱེས་སུ་ཕུལ་ཡོད། དེ་རིང་ཕ་འདས་པོའི་བསམ་འདུན་ལ་སྲུང་བརྩི་ཞུས་ཏེ་ངས་ཏུན་ཧོང་གི་སྒྱུ་རྩལ་གསར་པའི་འོད་ཟེར་དེ་ཧྥ་རན་སེའི་མི་དམངས་ལ་འབུལ་རྒྱུ་ཡིན་པས་ཀྲུང་ཧྥའི་སྒྱུ་རྩལ་མཁས་ཅན་དང་མི་དམངས་ཚོས་དར་གོས་ལམ་བུ་གསར་པ་བརྒྱུད་རིག་གནས་སྤེལ་རེས་བྱེད་འགོ་ཚུགས་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།