ཉེ་ཆར་ཧྲང་ཧའེ་རུ་འཚོགས་པའི “2011ལོར་པི་ཅ་སུའོ་ཡི་རི་མོ་ཀྲུང་གོར་འགྲེམས་སྟོན་ཆེན་པོ་བྱས་པ ”དེས་ཀྲུང་གོའི་སྤྱི་དམངས་ལ་བར་ཐག་ཉེ་པོ་ནས་སྒྱུ་རྩལ་གྱི་དགེ་རྒན་ཆེ་མོ་དང་འབྲེལ་གཏུག་བྱེད་པའི་གོ་སྐབས་བྱུང་བ་རེད། པ་པོ་ལུའོ ·ལུའུ་དབྱི་སི ·པི་ཅ་སུའོ་ནི་སི་ཕེན་གྱི་གྲགས་ཅན་རི་མོ་བ་ཞིག་ཡིན། ཁོང་གིས་ཚེ་གང་རིང་ངལ་བར་མི་འཛེམས་པར་བརྩོན་འགྲུས་ཆེན་པོས་རི་མོ་བྲིས་གནང་ཡོད་པ་རེད། བསྡོམས་རྩིས་ལྟར་ན་ཁོང་གིས་རི་མོ་ཁྲི་3.7ཙམ་བྲིས་ཡོད་པ་དེ་དག་བརྐོས་མ་དང་། བརྐོས་རིས། རྫ་ཆས། གར་སྟེགས་གྱོན་ཆས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད་པ་དང་ཕྱོགས་ཁག་ལ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་པ་རེད། ཁོང་ནི་འཛམ་གླིང་ཡོངས་ཀྱིས་ཁས་ལེན་བྱེད་པའི་དུས་རབས་20པའི་སྒྱུ་རྩལ་མཁས་ཅན་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དེས་དེང་རབས་སྒྱུ་རྩལ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། “བྱིས་པ་ཚང་མ་སྒྱུ་རྩལ་མཁས་ཅན་ཡིན། གནད་དོན་ནི་བྱིས་པ་ཆེན་པོ་ཆགས་རྗེས་ཇི་ལྟར་བྱས་ནས་མུ་མཐུད་དེ་སྒྱུ་རྩལ་མཁས་ཅན་ཞིག་བྱེད་ཐུབ་མིན་དེ་ཡིན ”ཞེས་པི་ཅ་སུའོ་ཡིས་ཚིག་གཅིག་གིས་གནད་ལ་འཁེལ་བའི་སྒོ་ནས་བཤད་ཡོད་པ་རེད། འཛམ་གླིང་ཤེས་རྟོགས་བྱེད་པར་རྣམ་པའི་ཐོག་གི་སྨུག་པ་སྟུག་པོ་ལས་ཐར་བ་བྱས་ཏེ་བྱ་དངོས་ཀྱི་ངོ་བོར་སླེབས་པ་བྱེད་དགོས། བྱིས་པར་སྐྱེས་མ་ཐག་པ་ནས་འཇོན་ཐང་དེ་ཡོད་པ་དང་ཁོང་ཚོའི་མིག་ནང་གི་མཐའ་དག་ནི་ཆ་རྒྱུས་མེད་པ་དང་ཡ་མཚན་ཅན་ཞིག་ཡིན། ཁོང་ཚོས་ཆ་རྒྱུས་མེད་པའི་འཛམ་གླིང་དེར་འཚོལ་ཞིབ་བྱེད་པ་དང་བློ་ཡུལ་ལ་ཤར་བ་བྱས་པ་དེའི་འབྲས་བུའམ་ཡང་ན་རྣམ་པ་དེ་སྒྱུ་རྩལ་དུ་འགྱུར་གྱི་ཡོད། བྱིས་པའི་སྒྱུ་རྩལ་གྱི་སྤྲོ་སེམས་དང་སྒྱུ་རྩལ་གྱི་ཚོར་སྐྱེན་ནི་སྐྱེས་མ་ཐག་པ་ནས་ཡོད་པ་ཞིག་ཡིན། སུའུ་ལེན་གྱི་རིག་རྩལ་མཁས་ཅན་ཧྲི་ཁེ་ལུའོ་ཕུའུ་སི་ཅི་ཡིས “སྒྱུ་རྩལ་གནས་སྟངས ”མཚོན་པར་བྱས་པ་དེ་ནི་མི་རྣམས་ལ་འཚོ་བའི་ཤེས་རྟོགས་སླར་གསོ་ཐུབ་པ་བྱ་རྒྱུ་དེ་རེད།
པི་ཅ་སུའོ་ལོ་92ལ་གྲོངས་སྐབས་སྔར་བཞིན་བྱིས་བློ་རྒྱུན་འཁྱོངས་བྱས་ཡོད། སྒྱུ་རྩལ་ཁྱབ་ཁོངས་སྣ་ཚོགས་སུ་ཚོད་ལྟ་བྱས་པ་དང་ཡང་ན་སྒྱུ་རྩལ་གྱི་རྣམ་པ་གསར་བརྗེས་བྱེད་པ་གང་ཞིག་ཡིན་ཡང་ཁོང་གི་བྱིས་བློ་ལས་བྱུང་བ་ཞིག་ཡིན། ཁོང་ལོ་བདུན་བརྒྱད་ལ་སླེབས་སྐབས་རི་མོའི་ཐད་ཧང་སངས་བའི་ལྷན་སྐྱེས་མཚོན་པར་བྱས་ཡོད། ཁོང་གིས་མཛེས་རྩལ་སློབ་གྲྭ་མང་པོ་ཞིག་ཏུ་སློབ་སྦྱོང་གནང་བ་དེའི་ནང་སི་ཕེན་གྱི་མ་ཏེ་རིའི་གོང་མ་ཚང་གི་ཕེར་ནན་ཏུའོ་མཛེས་རྩལ་སློབ་གླིང་ཚུད་ཡོད་པ་རེད། སློབ་གྲྭའི་ལུང་འཛིན་དང་སྒྲིག་སྲོལ་སྣ་ཚོགས་བཟོད་ཐབས་བྲལ་བར་བརྟེན་ཁོང་གིས་བར་གསེང་དུ་སློབ་གྲྭ་དོར་བ་རེད། ཚེ་མཇུག་ཏུ་སླེབས་སྐབས་བྱིས་པའི་རི་མོའི་འགྲེམས་སྟོན་ཞིག་གི་ཐོག་ཁོང་གིས “ང་བྱིས་པ་འདི་དག་གི་ན་ཚོད་དུ་སླེབས་སྐབས་ལ་ཕེར་དང་འདྲ་བ་ཞིག་འབྲི་ཐུབ་ཀྱང་ཁོང་ཚོའི་འདི་འདྲ་འབྲི་ཤེས་སྐབས་ཚེ་གང་གི་དུས་ཚོད་སྤྱད་ཡོད ”ཅེས་གསུངས་པ་རེད།
ཁོང་གི་བྱིས་པའི་དུས་ཀྱི་རི་མོ་འབྲི་སྟངས་ནི་སྒྱུ་རྩལ་མཁས་ཅན་དར་མ་མང་པོ་ཞིག་ལས་ད་དུང་བྱང་བ་ཡོད་པ་དེ་ནི་མཛེས་རྩལ་ལས་རིགས་སུ་སྔ་ས་ནས་ཚིག་ཐག་ཆོད་ཡོད་པ་རེད། འོན་ཀྱང་པི་ཅ་སུའོ་ཡིས་རང་ཉིད་བྱིས་པའི་དུས་སུ་སློབ་གླིང་རྣམ་པའི་རི་མོ་འབྲི་བར་བརྟེན་མཉེན་པོ་དང་ལྷད་མེད་ཀྱི་ཤན་ཞུགས་ཚད་ཆུང་སྟབས་རང་ཉིད་ཀྱང་སྐྲག་གི་ཡོད་པ་རེད། ཁོང་གིས “སྐྱེ་ཐོབ་ཤེས་རབ ”ཅེས་པའི་ཚིག་དེར་བསྐྱར་དུ་མཚན་ཉིད་བཞག་པ་སྟེ “རོལ་དབྱངས་དང་མི་འདྲ་བ་ཞིག་ནི་རི་མོར་བྱིས་པའི་རིག་མཆོག་ཅེས་པ་ཡོད་མི་སྲིད། མི་རྣམས་ཀྱི་མིག་ནང་གི ‘སྐྱེ་ཐོབ་ཤེས་རབ ’ཅེས་པ་དེ་ནི་དོན་དངོས་ཐོག་བྱིས་པའི་ཤེས་ཡོན་ལ་བརྗོད་པ་དང་ཤེས་ཡོན་དེ་དག་ནི་ལོ་ཟླའི་འགྲོས་དང་བསྟུན་ནས་མེད་པར་འགྱུར་མི་སྲིད ”པ་དེ་རེད།
པི་ཅ་སུའོ་ཡིས་སྒྱུ་རྩལ་གྱི་ངོ་བོ “བྱིས་པའི་མཉེན་པོ་དང་ལྷད་མེད ”དེ་རང་ཉིད་ཀྱིས་ཚེ་གང་རིང་དོན་གཉེར་བྱེད་པའི་དམིགས་ཚད་ལ་བརྩི་བར་བརྟེན་ཁོང་གིས་གཞི་ནས་ལུང་འཛིན་འཛམ་གླིང་གི་སྦགས་བཙོག་མེད་པ་དང་བྱིས་པ་ལྟ་བུའི་མིག་རྒྱང་གི་ཐོག་ནས་རི་མོ་འབྲི་སྟངས་དང་རི་མོའི་སྨྱན་རྫས་ལ་ཞིབ་ལྟ་བྱེད་པ་དང་འབྲེལ་ལུང་འཛིན་ཪྙིང་པ་མེད་པ་བཟོས་པ་དང་གསར་བརྗེས་ཐེངས་མང་བྱས་ནས་སྤྱི་ཚོགས་ཀྱི་རྩོད་གཞིར་དོ་སྣང་གཏན་ནས་བྱེད་ཀྱི་མེད། ལངས་གཟུགས་རིང་ལུགས་ཐོག་མར་ཐོན་པ་དེ་ནི་སྒྱུ་རྩལ་ལས་རིགས་སུ་ཐོན་པའི་གཡོ་འགུལ་དང “སྲོལ་ལུགས་གསར་གཏོད ”ཡོང་རེ་བྱེད་མཁན་སྒྱུ་རྩལ་མཁས་ཅན་གཞན་དག་ལ་འཕྲད་པའི་གནས་ཚུལ་དང་གཉིས་སུ་མེད། པི་ཅ་སུའོ་ཡི་རི་མོའི་ནང་ཚོས་གཞིར་ལྡན་པའི་དོན་སྙིང་དེ་རྩ་སློག་བཏང་མེད་པ་གང་ཡིན་ནམ། ཁོང་གི “སྔོ་མདོག་དུས་སྐབས ”ཀྱི་བརྩམས་ཆོས་ཀྱིས་མཚོན་པར་བྱས་ཡོད། ཁོང་གི་མེས་རྒྱལ་སི་ཕེན་དང་ལྷག་པར་དུ་ཕ་ཡུལ་ཨན་ཏན་ལུའུ་ཤིས་ཡ་ས་ཁུལ་གྱི་རིག་གནས་ཁྲོད་དུ་མི་རྣམས་ཀྱིས་སྔོ་མདོག་ལ་དད་པ་བྱས་ནས་སྔོ་མདོག་གིས་མཆོག་ཏུ་གྱུར་པ་མཚོན་པ་དང་དྭངས་གཙང་དང་། དཔོག་དཀའ་བ། རྒྱ་མཚོའི་ཤེས་དཔལ་བཅས་མཚོན་གྱི་ཡོད། འོན་ཀྱང་པི་ཅ་སུའོ་ཡིས་སྔོ་མདོག་ལ་སེམས་སྡུག་དང་སྡུག་བསྔལ་གྱི་གོ་དོན་བསྣན་པར་བརྟེན་ཚོས་མདོག་གི་སྐད་ཆའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་མི་རྣམས་ཀྱིས་ཚོས་གཞིའི་འཇིག་རྟེན་ལ་ངོས་འཛིན་བྱེད་ཚད་གསར་བརྗེས་བྱས་ཡོད།
འོན་ཀྱང་བསམ་པའི་འཆར་སྒོ་ནི་ཤེས་ཡོན་གྱིས་རྨང་གཞི་བྱས་པ་ཞིག་ཡིན། རྒྱུན་མི་ཆད་པའི་ཤེས་ཡོན་གྱིས་རང་ཉིད་ཕུན་སུམ་ཚོགས་སུ་བཏང་ཚེ་སྒྱུ་རྩལ་མཁས་ཅན་གྱིས་གཞི་ནས་གསར་གཏོད་ཀྱི་གསོན་ཤུགས་དང་སྤྲོ་སེམས་རྒྱུན་འཁྱོངས་བྱེད་ཐུབ། པི་ཅ་སུའོ་ན་སོ་དར་ལ་བབས་རྗེས་སློབ་སྦྱོང་གིས་ཁོང་གི་རི་མོ་ཉིན་རེ་བཞིན་བྱང་ཆུབ་ཏུ་འགྲོ་རྒྱུར་མེད་དུ་མི་རུང་བའི་ཤུགས་རྐྱེན་ཐེབས་ཡོད་པ་དང་ཁོང་གི “ཚོས་གཞི་ནག་པོའི་དུས་སྐབས ”དེ་ཡང་ཨ་ཧྥེ་རི་ཁའི་གདོད་མའི་རིག་གནས་དང་འབྲེལ་བ་བྱས་པ་ལས་བྱུང་བ་ཞིག་ཡིན། བསམ་པའི་འཆར་སྒོ་དང་ཤེས་ཡོན་ནི་སྒྱུ་རྩལ་གྱི་གཤོག་པ་ཞིག་རེད་ཅེས་བརྗོད་ཆོག