དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • མཉམ་འདྲེས་ཟབ་མོ་བྱས་ནས་འཕེལ་རྒྱས་ཡོང་རྒྱུར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        ལོ་སིའི་རྒྱལ་ས་ཝན་ཐེན་དུ་འབྱོར་རྗེས་གསར་འགོད་པས་གང་སར་བརྡལ་གཏོང་རླངས་འཁོར་ཀུང་སི་དང་འབྲེལ་གཏུགས་བྱས་ཀྱང་སའེ་སུང་པེན་ལ་འགྲོ་རྒྱུ་ཡིན་ཚུལ་རྟོགས་འཕྲལ་ཀུང་སི་ཁ་ཤས་ཀྱིས་དེར་སོང་ན་ཉེན་ཁ་ཡོད་ཚུལ་བསྟན་པ་རེད།

        སའེ་སུང་པེན་ས་ཁུལ་ལ་ཡུལ་དེ་གས “དམིགས་བསལ་ས་ཁུལ ”ཞེས་འབོད་རྒྱུར་ཧ་ཅང་གོམས་ཡོད་པ་དང་ལོ་སི་སྲིད་གཞུང་གིས་ལོ་དུ་མའི་གོང་ས་ཁུལ་དེ་དཔལ་འབྱོར་དམིགས་བསལ་ས་ཁུལ་དུ་དབྱེ་ནས་ཤིན་ཏུ་རྗེས་ལུས་ཡིན་པའི་རྣམ་པར་འགྱུར་ལྡོག་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད། སའེ་སུང་པེན་ལ་བསྐྱོད་པའི་ཆུ་ཚོད་6གི་ལམ་དུ་གསར་འགོད་པས་གྲོང་ཚོ་ཆུང་ཆུང་བདུན་བརྒྱད་ཙམ་ལས་མེད་པ་མཐོང་བ་དང་རི་ཁྲོད་དུ་ཇི་ཙམ་བསྐྱོད་ན་དེ་ཁུལ་གྱི་གྲོང་ཚོ་དེ་ཙམ་གྱིས་དབུལ་བ་ཞིག་འདུག ལོ་སི་རྒྱལ་བཙུགས་འཐབ་ཕྱོགས་ཀྲུང་དབྱང་མི་རིགས་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཤིག་གིས་མིག་སྔར་ཧ་ལམ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཕྱེད་ཀས་ཧ་ཅང་དབུལ་ཕོངས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་ཅེས་བསྟན་པ་རེད།

        ལམ་བར་དུ་གསར་འགོད་པས་མིང་ལ “ནན་ལེ་ཁོ ”ཞེས་པའི་ཆུ་ཤུགས་གློག་ཁང་ཞིག་མཐོང་བྱུང་། ཁ་ལོ་བས་དེ་ནི་ལོ་10གོང་ཀྲུང་གོའི་ཀུང་སིས་བསྐྲུན་པ་དང་མི་སེར་གྱི་འཚོ་བར་རོགས་རམ་ཧ་ཅང་ཆེན་པོ་ཐོབ་བྱུང་ཟེར། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སིའི་གློག་འདོན་གཉེར་སྐྱོང་བྱེད་བཞིན་པའི་ཆུ་ཤུགས་གློག་ཁང་16ནང་གི་7ནི་ཀྲུང་གོའི་ཀུང་སིས་བསྐྲུན་འགན་འཁུར་བ་ཞིག་ཡིན་ཞིང་། ཆུ་ཤུགས་གློག་ཁང་དེ་དག་གིས་ཡུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་གློག་ཤུགས་མཁོ་འདོན་དང་དེ་བཞིན་ཞིང་སའི་ཆུ་འདྲེན་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།

        ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ཆེ་མོའི་ཚོང་གཉེར་ཁྲུའི་བསྡོམས་རྩིས་ལ་གཞིགས་ན། 2000ལོ་ནས་2010ལོའི་བར་ལོ་སིར་ཀྲུང་གོས་རྣམ་གྲངས་397ལ་མ་འཇོག་བྱས་པ་དང་གྲོས་མཐུན་དངུལ་གྲངས་ཨ་སྒོར་དུང་ཕྱུར་27ལོན་ཞིང་། དེ་ནི་ལོ་སིའི་ཉོ་ཚོང་རོགས་ཟླ་ཆེ་གྲས་ཨང་གཉིས་པ་དང་མ་འཇོག་ཡོང་ཁུངས་ཀྱི་རྒྱལ་ཁབ་ཆེ་གྲས་ཨང་གཉིས་པ་ཡིན། ཀྲུང་གོའི་མ་འཇོག་ཁྱབ་ཁོངས་གཙོ་བོར་ཆུ་གློག་དང་། གཏེར་ཁ། ནུས་ཁུངས། ཞིང་ལས་སོགས་ཡོད་པའི་ཁྲོད་གཏེར་ཁའི་མ་འཇོག་རྣམ་གྲངས་ཀྱིས་སྤྱི་འབོར་གྱི་27%ཟིན་པ་དང་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ཀྱིས་བསྡོམས་གྲངས་ཀྱི་21.5%ཟིན་ཡོད། འོན་ཀྱང་རྣམ་གྲངས་ཕལ་ཆེ་བ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་གནས་པ་དང་ས་ཁུལ་ཁག་གཅིག་ལ་ད་དུང་དྲག་ཤུགས་བྱེད་སྤྱོད་ཀྱང་སྤེལ་བས་ཀྲུང་གོའི་མ་འཇོག་རྣམ་གྲངས་ལ་མི་མངོན་པའི་འཇིགས་སྐུལ་ཕོག་གི་ཡོད་པ་རེད།

        གལ་སྲིད་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཡུལ་དེ་གའི་གྲངས་ཉུང་མི་རིགས་དབར་དང་འབྲེལ་བ་ཡག་པོ་བྱེད་མ་ཐུབ་པ་དང་ལྷག་དོན་དུ་གྲངས་ཉུང་མི་རིགས་ཀྱི་སྐྱིན་གསབ་དང་ཞིང་ལས་ཐོན་རྫས་ཉོ་སྒྲུབ་སོགས་དང་འབྲེལ་བའི་ཐད་ནོར་འཛོལ་བྱུང་ཚེ་དང་ཐོག་ནས་འཚོ་བའི་ཡོང་ཁུངས་ཧ་ཅང་ཚད་ཡོད་ཡིན་པའི་ཡུལ་དེ་གའི་མིར་ཤུགས་རྐྱེན་ཐེབས་ཏེ་འགལ་བ་ཆེན་པོ་ཐོན་སྲིད། ལོ་སི་ཕྱོགས་ཀྱིས་རྣམ་གྲངས་སྐུལ་སྤེལ་བྱེད་རིང་ཡུལ་མི་རྣམས་ལ་སྡང་སེམས་ཐོན་པ་དེའང་ཀྲུང་གོའི་ཁེ་ལས་ལ་ཕོག་སྲིད།

        ལོ་སིའི་མི་རིགས་འདྲ་མཉམ་མིན་པ་དང་མི་རིགས་ཀྱི་འགལ་བའི་གནད་དོན་ཡུན་རིང་ལྷགས་པ་དང་། རྗེས་སུ་ནུབ་ཕྱོགས་མི་སེར་སྤེལ་མཁན་གྱིས་དེ་སྤྱད་ནས་མི་རིགས་ཀྱི་འགལ་བ་སྔར་བས་ཛ་དྲག་ཏུ་བཏང་བ་རེད། ལོ་སི་སྲིད་གཞུང་གིས་མི་རིགས་མཉམ་འདྲེས་ཀྱི་སྲིད་ཇུས་སྤྱད་དེ་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་མ་བཏང་རུང་། མི་རིགས་ཀྱི་གནད་དོན་དང་ལྷག་དོན་དུ་མེའོ་རིགས་ཀྱི་གནད་དོན་གྱིས་ལོ་སིའི་ཆབ་སྲིད་འཚོ་བར་ཐོག་མཐའ་བར་གསུམ་དུ་ཤུགས་རྐྱེན་ཐེབས་བཞིན་ཡོད།

        ལོ་སི་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་ཆུ་ཚད་མཐོ་རུ་གཏོང་ཆེད་གྲངས་ཉུང་མི་རིགས་ལ་ས་ཁུལ་ཕྱུག་པོར་གནས་སྤོ་བྱ་རྒྱུའི་སྐུལ་ལྕག་བཏང་སྟེ་རི་སྟེང་གི་མི་རྣམས་རི་གཤམ་དུ་སྤོས་ནས་སོ་ནམ་དང་རྔོན་རྒྱག་གི་མི་རྣམས་རིམ་བཞིན་གཏན་སྡོད་བྱེད་དུ་འཇུག་པ་དང་། འགྲིམ་འགྲུལ་སྟབས་བདེ་མེད་སར་གནས་པའི་མི་རྣམས་གཞུང་ལམ་འགྲམ་དུ་སྤོས་ནས་ཐོན་སྐྱེད་དང་འཚོ་བ་དང་སྲིད་འཛིན་དོ་དམ་སོགས་བྱེད་བདེ་ཡོང་བར་བྱེད་ཀྱི་ཡོད། ལོ་སིའི་འཆར་གཞི་དང་མ་འཇོག་པུའི་དཔོན་རིགས་པུའུ་ན་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་ལོ་སིའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དེ་གཙོ་བོར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ནས་མངོན་གྱི་ཡོད་པ་དང་། མི་རིགས་ཁག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཧེ་བག་སེལ་བའི་ལས་འགན་ནི་ཧ་ཅང་ཁ་ཚ་དགོས་གཏུགས་ཡིན། གལ་སྲིད་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དོ་སྙོམས་མིན་པ་དང་མི་རིགས་མི་གཅིག་པའི་བར་གྱི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་ཆེ་རུ་སོང་ཚེ་མི་རིགས་དབར་གྱི་འགལ་བ་ཛ་དྲག་ཏུ་འགྲོ་ངེས་རེད་ཅེས་བཤད་པ་རེད།

        ལོ་སིར་མ་འཇོག་བྱེད་པའི་ཀྲུང་གོའི་ཁེ་ལས་མི་ཉུང་བ་ཞིག་གིས་ཇི་ལྟར་བྱས་ནས་གྲངས་ཉུང་མི་རིགས་ལ་ཡུལ་དེ་གའི་སྤྱི་ཚོགས་ཁྲོད་མཉམ་འདྲེས་ཟབ་མོ་བྱེད་རོགས་སྔར་བས་བྱས་ཏེ་ཁོང་ཚོར་ཀྲུང་གོའི་མ་འཇོག་རྣམ་གྲངས་སྐྲུན་པ་ནི་ཡུལ་དེ་གའི་ཁེ་ཕན་ལ་གནོད་པ་ཞིག་མ་ཡིན་པར་ཡུལ་དེ་གར་དཔལ་འབྱོར་འཕེལ་བར་རོགས་རམ་དང་ཡུལ་མིའི་འཚོ་བར་ལེགས་བཅོས་བྱེད་པ་ཡིན་ལུགས་རྟོགས་སུ་འཇུག་རྒྱུ་ནི་ལོ་སིའི་འཕེལ་རྒྱས་ཁྲོད་ཀྱི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་སྣང་ཆུང་བྱེད་མི་རུང་བའི་གནད་དོན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།