ཀྲུང་ཨ་དབར་གྱི་འབྲེལ་བ་ནི་དེང་དུས་འཛམ་གླིང་ཐོག་གལ་ཆེ་ཤོས་དང་གསོན་ཤུགས་ཆེན་པོ་ལྡན་ལ་ཪྙོག་འཛིང་ཆེ་ཤོས་ཀྱི་ཕྱོགས་གཉིས་འབྲེལ་བའི་གྲས་ཤིག་རེད། ཟླ་10ཚེས་24ཉིན་ཏེ་ཁེ་ས་སི་ཀྲོའུ་ཡི་ཙུང་ཐུང་ཆའོ་ཀྲི ·པུའུ་ཧྲི་དཔེ་མཛོད་ཁང་ནང་ཀྲུང་ཨ་དབར་གྱི་འབྲེལ་བའི་བསམ་གཞིག་ཟབ་ཤོས་ཁག་གཅིག་མངོན། ཏེ་ཁེ་ས་སི་ཀྲོའུ་ཞིང་བཟོ་སློབ་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་སོགས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་ཨ་དབར་གྱི་འབྲེལ་བའི་ཞིབ་བསྡུར་ཚོགས་འདུ་སྐབས་ལྔ་པ་འདི་གར་འཚོགས་པ་དང་ཉིན་དེར་ཀྲུང་ཨ་གཉིས་པོའི་གཞུང་ཕྱོགས་དང་། ཚོང་དོན་ལས་རིགས། རིག་གཞུང་ལས་རིགས་བཅས་ཀྱི་མི་སྣ་600ལྷག་ཙམ་ཞུགས།
“འདི་ལོ་ནི་ཀྲུང་ཨ་ཕྱི་འབྲེལ་གྱི་སྒོ་མོ་སླར་ཡང་ཕྱེ་ནས་ལོ་40འཁོར་ཡོད། འདས་ཟིན་པའི་ལོ་40ཡི་ནང་ཀྲུང་ཨ་དབར་གྱི་འབྲེལ་བའི་ཐད་ཐོབ་པའི་གྲུབ་འབྲས་ནི་དེ་སྔ་ཀྲུང་ཨ་དབར་གྱི་འབྲེལ་བར་ལྟ་སྟངས་ལེགས་ཤོས་འཛིན་མཁན་གྱིས་ཀྱང་བསམ་ཡུལ་འདས་ཡོད། ཀྲུང་ཨ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་རྒྱུ་རྐྱེན་དང་སྒུལ་ཤུགས་གཙོ་བོ་ནི་ཀྲུང་ཨ་དབར་གྱི་ཐུན་མོང་གི་ཁེ་ཕན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་དེ་བཞིན་འཛམ་གླིང་གི་དཔལ་འབྱོར་རྒྱུན་བསྲིང་ངང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐད་རྒྱལ་ཁབ་གཉིས་པོའི་ཕྲག་ཐོག་ཏུ་བབས་པའི་ཐུན་མོང་གི་འགན་འཁྲིར་ཐུག་ཡོད ”ཅེས་པ་དེ་ནི་ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཡེ་ཀྲུའུ་ཡིས་གཏམ་བཤད་གནང་སྐབས་གསུངས་པ་ཞིག་རེད།
ཀྲང་ཡེ་ཀྲུའུ་ཡིས་ཀྲུང་ཨ་གཉིས་པོའི་སྤྱི་ཚོགས་ལམ་ལུགས་དང་། རིན་ཐང་གི་འདུ་ཤེས། ལོ་རྒྱུས་དང་རིག་གནས་སྲོལ་རྒྱུན་བཅས་གཏན་ནས་མི་འདྲ་བ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆུ་ཚད་ཀྱང་ཧེ་བག་ཧ་ཅང་ཆེན་པོ་ཡོད། ཧེ་བག་དེ་དག་ལས་གནད་དོན་འགའ་ཞིག་ཐད་ཕྱོགས་གཉིས་པོར་ལྟ་སྟངས་མི་འདྲ་བ་ཡོང་བ་དང་འབྲེལ་དེ་ལས་ཕྱོགས་གཉིས་པོའི་འཐབ་ཇུས་ཀྱི་བསམ་ཕྱོགས་ལ་གོ་ནོར་དང་དོགས་པ་ཡང་ཡོང་སྲིད། ཀྲུང་ཨ་དབར་གྱི་འབྲེལ་བ་ནི “རོལ་རྩེད ”ལྟ་བུ་ཞིག་མིན་ལ་དེ་ལྟར་ཡང་འགྱུར་མི་རུང་། བསམ་གཞིག་གསར་པའི་ཐོག་ནས་ཀྲུང་ཨ་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཀྲུང་ཨ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཐུན་མོང་ཐོག་ཤུགས་སྣོན་བརྒྱབ་སྟེ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་མཐུན་ས་དང་འགལ་བ་ཐག་གཅོད་འོས་འཚམས་བྱེད་དགོས་ཞེས་བསྟན་ཡོད།
ཀྲུང་གོར་འཚམས་འདྲིར་ཕེབས་ཉེར་ཡོད་པའི་ཨ་རིའི་རྒྱུན་ལས་རྒྱལ་དོན་བློན་ཆེན་གཞོན་པ་པུའུ་ཨེན་སིས “གཏིང་ཟབ་དང་། རྒྱ་ཁྱབ། ཪྙོག་འཛིང ”བཅས་ཀྱི་ཐོག་ནས་ཀྲུང་ཨ་དབར་གྱི་འབྲེལ་བར་བརྗོད་ཀྱི་ཡོད། ཁོང་གིས “སྐྱོན་དང་བྲལ་བའི་ཀྲུང་ཨ་དབར་གྱི་འབྲེལ་བ་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་འབྱུང་འགྱུར་དང་འཛམ་གླིང་གི་དཔལ་འབྱོར་ངོས་ནས་བཤད་ན་གལ་ཆེན་ཡིན་པ ”དང “རྒྱལ་ཁབ་གཉིས་པོའི་དབར་གྱི་ཡིད་ཆེས་དང་བསམ་ཤེས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་བདེ་འཇགས་དང་དར་རྒྱས་ངོས་ནས་བཤད་ནའང་གལ་འགངས་ཆེན་པོ་ཡིན་པའི ”ངོས་འཛིན་གནང་གི་ཡོད། ཁོང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དེ་སླར་ཡང “ཨ་རིའི་རྒྱལ་ཁབ་ཁེ་ཕན་གྱི་གཙོ་གནད ”དུ་འགྱུར་བ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དུ་ཨ་རིས “མདུན་གྲལ་དུ་ཕྱི་འབྲེལ་བཀོད་སྒྲིག་བྱེད་པ ”ནི “དུས་རབས་ཉེར་གཅིག་པར་ཨེ་ཤེ་ཡའི་ནུས་པ་གལ་ཆེར་ཁས་ལེན་དང་འབྲེལ་དགའ་བསུ་ཞུ་བ་ཞིག་ཡིན་པ་དཔེར་ན་ང་ཚོས་ཀྲུང་གོ་ཞི་བདེའི་ངང་དར་རྒྱས་བྱུང་བར་དགའ་བསུ་ཞུ་བ་ལྟ་བུ་ཞིག་ཡིན་པ ”ལས “བཀག་འགོག་གམ་ཡང་ན་དབང་སྒྱུར་བྱེད་པ ”ཞིག་མིན་ཞེས་ནན་བཤད་གནང་ཡོད།
ཨའོ་པ་མ་སྲིད་གཞུང་གི་དཔོན་རིགས་ཀྱིས “སྟོབས་འབྱོར་ལྡན་ལ་གྲུབ་འབྲས་ཐོབ་པའི་ཀྲུང་གོ་ཞིག ”དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཐེངས་མང་བཤད་ཀྱི་ཡོད་མོད། འོན་ཏེ་ཨ་རིའི་འཐབ་ཇུས་ལས་རིགས་དང་གཞུང་ཕྱོགས་མི་སྣས་ཀྲུང་གོ་འཕེལ་རྒྱས་འགྲོ་བར་དེ་བས “ཪྙོག་འཛིང་ཆེ་བའི ”ལྟ་སྟངས་འཛིན་གྱི་ཡོད་པ་སྨོས་མེད་རེད། པུའུ་ལན་ཏི་སི་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་དགེ་རྒན་ཆེ་མོ་བ་ལུའུ་པུའུ་ཐེ ·ཨ་ཐེས་ཀྲུང་གོའི་དཔལ་འབྱོར་དང་དམག་དོན་སྟོབས་ཤུགས་རྒྱུན་བསྲིང་ངང་ཆེ་རུ་འགྲོ་བ་དང་ཨ་ཀྲུང་དབར་གྱི་སྟོབས་ཤུགས་ཀྱི་ཧེ་བག་ཆུང་དུ་འགྲོ་བས་ཀྲུང་གོ་དར་རྒྱས་འགྲོ་བར་ཁ་གཏད་གཅོག་པའི་ཨ་རིའི་འཐབ་ཇུས་ཆེན་པོའི་ཐད་ཤོག་ཁག་ཆེན་པོ་གསུམ་ཐོན་པ་དེ་ནི་གཅིག་ནི “སེམས་ཁྲལ་ཆེན་པོ་བྱེད་མི་དགོས་པའི ”ཤོག་ཁག་དང་གཉིས་ནི “སྐྱོ་སྣང་དང་ཡོང་ངེས་ཡིན་པའི ”ཤོག་ཁག གསུམ་ནི “སྤྲོ་སྣང་ལྡན་པའི་དངོས་ཡོད་རིང་ལུགས ”ཤོག་ཁག་བཅས་རེད་ཅེས་བཏོན་ཡོད།
ཚོགས་འདུའི་གཙོ་སྐྱོང་གི་གྲས་ཤིག་དང་པེ་ཅིང་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་ཡོན་ཀྲང་ཝང་ཅེས་སིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་ཨ་རིས་དབྱི་རག་དང་ཨ་ཧྥུ་ཀ་ནི་སི་ཐན་ནས་རིམ་བཞིན་ཕྱིར་འཐེན་བྱེད་པ་དང་ཆབས་ཅིག་ཨ་རིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དུ་དོ་སྣང་བྱེད་ཤུགས་ཇེ་ཆེར་འགྲོ་ངེས་རེད། གནས་ཚུལ་འདི་འདྲའི་འོག་གི་ཀྲུང་ཨ་དབར་གྱི་འབྲེལ་བ་ནི “འགྲན་རྩོད་ཀྱི་འབྲེལ་བ ”ཞིག་ཡིན་པ་ལས “ཁྱོད་ཤི་ང་གསོན་གྱི་འབྲེལ་བ་མ་ཡིན ”ཞེས་གསུངས་ཤིང་པེ་ཅིང་སློབ་ཆེན་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲུའུ་ཕུང་གིས་གཏམ་བཤད་གནང་སྐབས་ཨ་རིའི་ཕྱོགས་ཀྱི་མི་སྣར་ཀྲུང་གོའི་སྤྱི་ཚོགས་ཉིན་བཞིན་རྒྱུ་མང་ཅན་དུ་འགྱུར་བ་དང་ཕྱི་འབྲེལ་སྲིད་ཇུས་ཐད་ཀྱི་བསམ་འཆར་ཡང་ཉིན་བཞིན་རྒྱུ་མང་ཅན་དུ་འགྲོ་བའི་དྲན་སྐུལ་གནང་བ་དང་ཁོང་གིས་ཀྲུང་ཨ་དབར་འཐབ་ཇུས་ཀྱི་འགྲན་བསྡུར་གནས་རུང་ཀྲུང་ཨ་དབར་གྱི་འབྲེལ་བའི་གཞི་རྩའི་ངོ་བོར་འགྱུར་བ་ཐེབས་མི་སྲིད་པ་སྟེ་ཕན་ཚུན་ཁ་འབྲལ་ཐབས་མེད་པ་དེ་ཡིན་པའི་ངོས་འཛིན་གནང་གི་ཡོད།
ཉིན་གཅིག་གི་དུས་ཚོད་ནི་སྐད་ཅིག་ཙམ་ཞིག་ཡིན་རུང་བསམ་བློའི་ཐད་སྤེལ་རེས་བྱུང་བ་ནི་རྩ་ཆེན་ཞིག་རེད། ལོ་40ཡི་གོང་དུ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་འཐབ་ཇུས་ཀྱི་གཟིགས་རྒྱང་དང་ཆབ་སྲིད་ཀྱི་བློ་རིག་ཐོག་ནས་ལོ་22རིང་ཕན་ཚུན་འབྲེལ་ཐག་ཆད་པ་དང་དགྲར་འཛིན་ཚུལ་གཏོར་ཡོད། ད་ལྟའི་ཀྲུང་ཨ་དབར་གྱི་འབྲེལ་བར་འཐབ་ཇུས་ཀྱི་མིག་རྒྱང་དང་གསར་གཏོད་ཀྱི་བློ་གྲོས་ལྡན་དགོས།