ཤིན་ཧྭ་གསར་འགྱུར་ཁང་ཨན་ཁ་ར་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་25ཉིན་ཐུར་ཁེའི་ཙུང་ལིའི་ལས་ཤག་གིས་ཐུར་ཁེའི་ཤར་རྒྱུད་ཀྱི་ཧྥན་ཧྲེང་དུ་ཚེས་23ཉིན་གྱི་ས་ཡོམ་ཤུགས་ཆེན་བརྒྱབ་པའི་ནང་ཤི་བའི་མི་གྲངས་དེ་432ཟིན་པ་དང་མི་1352རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།
ཐུར་ཁེའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྐྱེ་ནས་ཉིན་14ལས་མ་སོང་བའི་ཕྲུ་གུ་དམར་འབྱར་ཞིག་ཞིག་རོའི་ཁྲོད་ཆུ་ཚོད་46ལུས་རྗེས་ཚེས་25ཉིན་བསྐྱབས་ཐུབ་པ་བྱུང་ཡོད། ལོ་12གོང་དབྱི་སི་ཐན་པོའར་རུ་བརྒྱབ་པའི་ས་ཡོམ་ཁྲོད་སྲོག་ཉེན་ལས་ཐར་བའི་དགེ་རྒན་བུ་མོ་ཧ་ཉི་ཧྥེ་ད་ཐེངས་ཀྱི་ས་ཡོམ་གྱི་ཞིག་རོའི་ཁྲོད་ནས་སླར་ཡང་བསྐྱབས་ཐུབ་པ་བྱུང་ཡོད། ཧ་ཉི་ཧྥེ་ཡི་བཟའ་ཟླས་ཆུ་ཚོད་24བསྒུགས་ནས་བཟའ་ཟླ་སྲོག་ཉེན་ལས་ཐར་བ་ཤེས་རྗེས་སེམས་འགུལ་ཚད་མེད་ཐེབས་པ་རེད།