ཚེས་24ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་གཞུང་དོན་ཁང་དུ་དབྱི་སི་རལ་དང་ཨེ་ཅིབ་ཀྱིས་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱེད་པའི་གྲོས་མཐུན་བཞག་པ་ར་སྤྲོད་བྱས་པའི་གསལ་བསྒྲགས་སྤེལ་ཞིང་། གྲོས་མཐུན་གཞིར་བཟུང་། དབྱི་སི་རལ་གྱིས་བཀག་ཉར་བྱས་པའི་ཨེ་ཅིབ་ཀྱི་མི་སྣ་25གློད་འགྲོལ་བཏང་ནས་ཨེ་ཅིབ་ཀྱིས་བཀག་ཉར་བྱས་པའི་དབྱི་སི་རལ་གྱི་གསང་མྱུལ་དོགས་ཡོད་ཉེས་ཅན་དབྱི་ལན ·ཀེ་ལ་ཕེའར་དང་བརྗེ་རྒྱུ་ཡིན་པ་རེད།
གསལ་བསྒྲགས་ནང་གྲོས་མཐུན་དེ་ཨ་རིའི་རོགས་རམ་འོག་བཞག་པ་ཞིག་ཡིན་པ་དང་དབྱི་སི་རལ་གྱིས་གློད་འགྲོལ་གཏོང་རྒྱུའི་ཨེ་ཅིབ་ཀྱི་མི་སྣ་25ཁྲོད་དབྱི་སི་རལ་གྱི་བདེ་འཇགས་ལ་གནོད་འཚེ་བཟོས་ནས་བཀག་ཉར་བྱེད་པའི་མི་གཅིག་ཀྱང་མེད། ཨེ་ཅིབ་ཀྱི་མི་25ཁྲོད་ཀྱི་མི་གསུམ་ནི་ན་སོ་དར་ལ་མ་བབས་པའི་མི་ཡིན་པ་འཁོད་ཡོད།
དབྱི་སི་རལ་ནང་བློན་གྱིས་ཚེས་25ཉིན་ཚོགས་འདུ་འཚོགས་ནས་གྲོས་མཐུན་དེར་ཆོག་མཆན་སྤྲད་པ་རེད།
ཀེ་ལ་ཕེའར་ནི་དབྱི་སི་རལ་དང་ཨ་རིའི་རྒྱལ་ཁོངས་གཉིས་ལྡན་གྱི་མི་ཡིན་པ་དང་འདི་ལོའི་ཟླ་བ་དྲུག་པར་ཨེ་ཅིབ་བདེ་འཇགས་མི་སྣས་བཀག་ཉར་བྱས། ཨེ་ཅིབ་ཀྱིས་ཁོ་པས་གསང་མྱུལ་གྱི་བྱ་སྤྱོད་སྤེལ་བ་དང་འབྲེལ་འདི་ལོའི་ཨེ་ཅིབ་ཀྱི་ཟིང་ཆའི་ནང་ཟིང་བསླངས་ལུགས་སྐྱོན་འཛུགས་བྱས་ཡོད་མོད། འོན་ཀྱང་དབྱི་སི་རལ་གྱིས་སྐྱོན་འཛུགས་དེ་ཁས་བླངས་མེད། ཟླ་བ་གཉིས་ཙམ་རིང་ཨ་རི་སྲིད་གཞུང་གིས་བར་འདུམ་ཧུར་ཐག་བྱས་ཏེ་ཀེ་ལ་ཕེའར་གློད་འགྲོལ་ཐུབ་རྒྱུ་བརྩོན་ལེན་བྱས་པ་རེད།