ལེ་དབར་སུམ་སྟོང་རྒྱལ་ཁམས་ལྟ་ན་སྡུག མི་དམངས་ཁྲི་ཚོ་ཉིས་སྟོང་ལས་ལ་བརྩོན།
དབྱར་ཟླ་བརྒྱད་པའི་ཕོང་དབྱང་གི་ནམ་མཁའ་གཡའ་དག་པ་དང་གནམ་གཤིས་ལེགས་ཤིང་ཁྲའོ་ཞན་གྱི 《ངལ་རྩོལ་གསར་འགྱུར 》གདན་ཞུས་ལྟར་མི་དམངས་ཉིན་རེའི་ཚགས་པར་ཁང་གི་འཐུས་མི་ཚོགས་པ་དང་བཅས་པ་མི་དྲུག་གིས་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཁྲའོ་ཞན་དུ་དུས་ཡུན་ཉིན་ལྔའི་རིང་འཚམས་འདྲི་ཞུས།
ཕོང་དབྱང་གི་པད་མ་རི་རྩེའི་བྱང་ངོས་སུ་གནས་པའི་མཛའ་གྲོགས་སྟེགས་བུའི་ཐོག་གི་ཀྲུང་གོའི་དཔའ་བོའི་མིང་22700ནས་མེས་རྒྱལ་གྱི་བཅིངས་འགྲོལ་དམག་འཁྲུག་གི་རྒྱལ་ཁའི་དྲན་གསོ་ཁང་གི་དང་བླངས་དམག་ཡན་ལག་ཁང་ནང་གི་དམག་འཁྲུག་གི་དུ་ཞག་འཁྲིགས་པའི་པར་རིས་མང་པོའི་བར་དང་ཚོགས་པའི་ཞབས་བྲོ་ཆེ་གྲས་ཨ་ལེ་ལང་གི་འཁྲབ་སྟོན་པས 《ཆང་གཞས 》ནང་དགའ་སྤྲོ་འཁོལ་བའི་ཞབས་བྲོ་རྒྱག་པ་ནས་མཉམ་སྒྲོག་རོལ་དབྱངས་འདུ་འཛོམས་ཐོག་ཁྲའོ་ཞན་གྱི་རོལ་དབྱངས་མཁས་ཅན་གྱིས་ལེགས་པར་དཀྲོལ་བའི 《སྐྲ་དཀར་བུ་མོ 》བར་འཐུས་མི་ཚོགས་པ་གང་དུ་བསྐྱོད་པ་དང་མཐོང་ཐོས་བྱུང་བ་ཚང་མའི་ཐོག་ནས་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཁྲག་དྲོན་ལས་གྲུབ་པའི་མཛའ་གྲོགས་ཟབ་མོ་དེར་དུས་སྐབས་གསར་པར་སྐྱེ་སྟོབས་གསར་པ་མངོན་པའི་ཚོར་སྣང་ཟབ་མོ་བྱུང་།
ཚགས་པར་གཉིས་དབར་གྱི་འབྲེལ་བའི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ།
ཕོང་དབྱང་དུ་འབྱོར་བའི་ཉིན་དེར་ང་ཚོ་ཁྲའོ་ཞན་ངལ་རྩོལ་གསར་འགྱུར་ཁང་དུ་ཡོང་ནས་ལས་རོགས་གཅིག་པ་དང་བཞུགས་མོལ་བྱས་པ་ཡིན། ཚགས་པར་ཁང་གི་སྒོ་རའི་ནང་གི་དབུས་སུ་ལྡེབས་རིས་ཆེ་གྲས་དང་འཛེང་རྡོའི་རྡོ་རིང་ཆེ་གྲས་ཤིག་བསླངས་འདུག ལྡེབས་རིས་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་ཅིན་ཀྲེང་རི་ཡིས་ངལ་རྩོལ་གསར་འགྱུར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པ་ཚོར་ཕྱག་གཡུག་གཡུག་གནང་བ་དང་འཛེང་རྡོའི་རྡོ་རིང་ཐོག་1995ལོའི་ཟླ་11ཚེས་19ཉིན་ཅིན་ཀྲེན་རི་ཡིས་ངལ་རྩོལ་གསར་འགྱུར་ཁང་ལ་གནང་བའི་ཕྱག་བྲིས་ཕྱག་བསྟར་མ་བརྐོས་པ་འདི་ལྟ་སྟེ། “ཏང་གི་གསར་བརྗེའི་བྱ་གཞག་ནང 《ངལ་རྩོལ་གསར་འགྱུར 》གྱིས་སྔ་ཕྱི་བར་གསུམ་དུ་ཕུལ་དུ་བྱུང་བའི་སློབ་གསོ་གཏོང་མཁན་དང་། བློ་ཁོག་ཆེ་བའི་དྲིལ་བསྒྲགས་པ། ལྷག་བསམ་རྣམ་དག་གི་མགྲིན་ཚབ་པ་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་ལ་བརྩི་བཀུར་དང་སྲུང་སྐྱོབ ”བྱེད་དགོས་ཞེས་པ་དེ་རེད།
《ངལ་རྩོལ་གསར་འགྱུར 》ཁང་ལ་རྩོམ་སྒྲིག་པ་དང་གསར་འགོད་པ་200ལྷག་ཙམ་ཡོད་པ་དང་ཉིན་ལྟར་པར་ངོས་དྲུག་དང་ཉིན་རེར་ཚགས་པར་ཁྲི་150འདོན་གྱི་ཡོད། འདི་ལོ་གསར་དུ་བཙུགས་པའི་ཕྱི་ཕྱོགས་གསར་འགྱུར་རྩོམ་སྒྲིག་པུའུ་ཡིས་དྲ་སྦྲེལ་གསར་འགྱུར་སྤེལ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཀྲུང་གོ་ནི་ཕྱི་ཕྱོགས་ཀྱི་གནས་ཚུལ་སྤེལ་བའི་ནང་དོན་གལ་ཆེན་ཞིག་རེད། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་གི་ཨུ་ཡོན 《ངལ་རྩོལ་གསར་འགྱུར 》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཅིན་ཅིང་ལུང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལ་ཤུགས་སྣོན་རྒྱག་པ་དང་གོང་འཕེལ་གཏོང་རིང་གསར་འགྱུར་གྱིས་ནུས་པ་ཧ་ཅང་ཆེན་པོ་འདོན་གྱི་ཡོད། རྒྱལ་ཁབ་གཉིས་པོའི་ཏང་གི་ཚགས་པར་གྱིས་སྤེལ་རེས་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཁྲའོ་ཀྲུང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་ཅིན་ཅི་ནན་གྱིས་འཐུས་མི་ཚོགས་པར་མཇལ་འཛོམས་གནང་སྐབས་སྐུ་གྲོངས་པའི་མི་དམངས་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལི་ཀྲོང་དང་ཧྲེ་ཀྲང་ཆིན་ཁྲོན་གྱི་གསར་བརྗེའི་མཛའ་གྲོགས་དྲན་གསོ་གནང་སྟེ “ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ལངས་རྗེས་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གསར་འགོད་པ་ལི་ཀྲོང་གཡུལ་ས་མདུན་མར་ཨང་དང་པོ་མངགས་པ་དང་ལི་ཀྲོང་ནི་ཀྲུང་གོའི་གསར་འགྱུར་ལས་དོན་པའི་ཨ་འགོག་ཁྲའོ་རོགས་ཀྱི་གཡུལ་སར་བཅར་འདྲི་བྱེད་མཁན་དང་པོར་གྱུར་ཡོད། ཁོང་གིས་གསར་འགྱུར་བརྩམས་ཆོས་ཡག་པོ་བྲིས་པ་མ་ཟད་ཐུགས་རྒྱུད་ཀྱང་བཟང་པོ་ཡོད་པས་ངས་ཁོང་གི་ས་ནས་མང་པོ་སྦྱངས་པ་ཡིན ”ཞེས་གསུངས།
འཐུས་མི་ཚོགས་པའི་ཁོངས་མིའི་ཨ་མ་དང་བླང་དམག་གི་འཐབ་འཛིང་གི་ཐོག་ནས་དམག་ནང་ཞུགས་པ་མཁྱེན་སྐབས་ཅིན་ཅི་ནན་གྱིས་འཐབ་འཛིང་པ་རྒན་གྲས་དེ་ཚོས་ཁྲའོ་ཀྲུང་མཛའ་གྲོགས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་བ་དང་ཁོང་སྟབས་བདེའི་སྐབས་སུ་སླར་ཡང་ཁྲའོ་ཞན་དུ་གཟིགས་པར་ཡོང་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོ་དེ་སྔ་འཐབ་གྲོགས་ཡིན་པ་དང་ད་ལྟ་ཚང་མས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་པ་དང་ལོ་རྒྱུས་ཀྱི་འཁོར་ལོས་ང་ཚོ་གྲ་རྒྱས་དང་སྟོབས་འབྱོར་ལྡན་པའི་ཕྱོགས་སུ་ཁྲིད་སྟོན་བྱ་རྒྱུ་རེད་ཅེས་གསུངས།
གླུ་གར་གྱི་ཐོག་ནས “ཀྲུང་གོའི་གཞི་རྒྱུ ”བརྒྱུད་སྤྲོད་བྱས།
ཕོང་དབྱང་གི་པད་མ་རི་རྩེའི་བྱང་དུ་གནས་པའི་མཛའ་གྲོགས་མཆོད་རྟེན་དེ་རི་ལ་བསྙེས་ནས་བརྒྱབ་ཡོད་ལ་འགྱིང་ངེར་གནས་ཁར་མཆོད་རྟེན་གྱི་རྩེ་མོའི་ཐོག་གི་གསེར་འོད་འཕྲོ་བའི་ཟུར་ལྔའི་སྐར་མ་ཉི་འོད་ཁྲོད་དེ་བས་བཀྲག་མདངས་འཚེར། “དེ་ནི་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་ཁྲག་བཏོན་དམར་འཛིང་བྱས་ཏེ་ཐུན་མོང་ཐོག་ཞི་བདེ་སྲུང་སྐྱོང་བྱས་པའི་ཡུན་གནས་ཀྱི་དཔང་རྟགས་ཡིན ”ཞེས་ཕེབས་རོགས་ཞུ་མཁན་ཁྲའོ་ཞན་བློ་མཐུན་གྱིས་དེ་ལྟར་བཤད། མཛའ་གྲོགས་མཆོད་རྟེན་གྱི་ནང་སྒོར་མོའི་གཟུགས་ཀྱི་དཀྱིལ་དུ་ལྗིད་ཚད་ཏུན་1ཟིན་པའི་འཛེང་རྡོའི་རྨང་རྡོ་ཞིག་ཡོད་པ་དང་དེའི་ནང་ཪྙིང་པ་ཆགས་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་མིང་འཁོད་པའི་དེབ་བཅུ་ཉར་ཚགས་བྱས་འདུག ང་ཚོས་ཧོང་ཅི་ཀོང་དང་། ཆིའུ་ཧྲའོ་ཡུན། ལུའོ་ཧྲེང་ཅའོ། མའོ་ཨན་དབྱིང་སོགས་རྒྱུས་མངའ་ཆེ་བའི་སྔོན་གཤེགས་དཔའ་བོའི་མཚན་དང་རྒྱུས་མངའ་དེ་ཙམ་མེད་པའི་དཔའ་བོ་22700གི་མིང་དང་ཁོང་ཚོས་བཞག་པའི་བྱས་རྗེས་དག་མཐོང་སྐབས་སེམས་འགུལ་ཚད་མེད་ཐེབས། ཁོང་ཚོས་རང་ཉིད་ཀྱི་ཁྲག་དྲོན་ཁྲའོ་ཞན་དང་ལང་ཚོ་ཞི་བདེའི་ཆེད་ཕུལ་བས་དེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁྲག་དྲོན་ལས་གྲུབ་པའི་མཛའ་གྲོགས་ཀྱི་དཔང་རྟགས་ཤིག་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཐུན་མོང་བློ་ལ་ངེས་དགོས་པའི་ལོ་རྒྱུས་ཤིག་ཡིན།
ཚོགས་པའི་ཞབས་བྲོ་ཆེ་གྲས 《ཨ་ལེ་ལང 》ཞེས་པ་རྣ་བར་ཐོས་མྱོང་ཡང་ནང་སྦྱོང་བྱ་ཡུལ་དུ་བསྐྱོད་སྐབས་ཐུན་མིན་གྱི་མཛེས་ལྗོངས་བཀོད་སྒྲིག་དང་། ལྟ་སྣང་མཛེས་པའི་མི་བཟོས་རྒྱབ་ལྗོངས། རྣ་བར་སྙན་པའི་གླུ་གར་གྱི་རོལ་དབྱངས། བར་གསེང་བཏོན་པའི་གློག་བཪྙན་གྱི་རྒྱབ་ལྗོངས། མི་ཁྲི་བཅོ་ལྔའི་འཁྲབ་རྩལ་མི་གཅིག་ལྟར་ཡོད་པའི་རྣམ་པ་དག་གིས་ཡིད་ཀྱི་དབང་པོ་དེ་བས་བཀུག་པར་གྱུར། ངོ་མཚར་ཆེ་བའི་ཞབས་བྲོ་ཆེ་གྲས་དེ་2002ལོར་བཟོས་ཚུན་ཐེངས་བརྒྱ་ཙམ་འཁྲབ་སྟོན་བྱས་པས་ཁྲའོ་ཞན་མི་རིགས་སྒྱུ་རྩལ་གྱི་ཕུལ་བྱུང་སྟངས་སྟབས་ཀྱིས་གཟིགས་མོ་བ་མང་པོའི་ཡིད་ཀྱི་དབང་པོ་བཀུག་པ་མ་ཟད། དེའི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་འབྲེལ་ཆགས་པ་དེས་མི་རྣམས་ཀྱིས་དེ་བས་བརྗེད་དཀའ་བར་གྱུར།
ཞབས་བྲོ་ཆེ་གྲས་དེའི་ནང “ཀྲུང་ཁྲའོ་མཛའ་གྲོགས་ཨ་ལེ་ལང ”ཞེས་པའི་ཆེད་དོན་ལེའུ་ཞིག་ཡོད། “གྲ་རྒྱས་སྟོབས་འབྱོར་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོར་བཀྲ་ཤིས་བདེ་ལེགས་ཞུ ”ཞེས་པ་དང “སྔ་དེང་གི་དྲན་གསོ་དེ་བས་ཟབ། ཁྲའོ་ཀྲུང་མཛའ་གྲོགས་མེ་ཏོག་ལྟར་བཞད ”ཅེས་པ་དེ་བཞིན་ལུས་རྩལ་ཐང་གི་རྒྱབ་ལྗོངས་ཀྱི་པང་ལེབ་ཐོག་གི་རྒྱུས་མངའ་ཆེ་བའི་རྒྱ་ཡིག་དང་སྤྲོ་སྣང་ལྡན་པའི 《ངའི་ཀྲུང་ཧྭ་ལ་དགའ 》ཞེས་པའི་རོལ་དབྱངས་ཐོས་པ། ལུས་རྩལ་ཐང་ནང་གི་གཞོན་ནུ་ལོ་ཆུང་སློབ་མ་དང་རིག་རྩལ་ལས་དོན་པ་ཚོས་ཀྲུང་གོའི་མི་རིགས་གླུ་གར་འཁྲབ་སྐབས་ང་ཚོ་རྦད་དེ་དབྱིངས་ཞུགས་ལ་ཀྲུང་ཁྲའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་རབས་རྒན་གྲས་ཚོས་སྐུ་ངོ་མས་བསྐྲུན་པ་དང་ཐུགས་ནུས་གང་ཡོད་ཀྱིས་བཏོད་པའི་མཛའ་གྲོགས་ན་གཞོན་མི་རབས་ཁྲོད་བརྒྱུད་སྤྲོད་དང་དར་སྤེལ་བྱུང་བའི་ཚོར་སྣང་ཟབ་མོ་ལྡན།