མི་དམངས་ཉིན་རེའི་ཚགས་པར་ཁང་དུ་མོ་སི་ཁོ་ནས་ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁེ་ཧྲེ་ཝུའེ་ཆི་ཡིས་ཚེས་22ཉིན་ཨུ་རུ་སུས་དགའ་བསུ་མི་ཐོབ་པའི་ཨ་རིའི་མཐོ་རིམ་དཔོན་རིགས་ཀྱི་མིང་ཐོ་གཏན་འཁེལ་བྱས་ནས་ཨ་རིས་གཏན་འཁེལ་བྱས་པའི “མ་ཁེ་ཉི་ཚེ་ཅིའི་མིང་ཐོར ”ཕྱིར་ལན་བསློགས་ཡོད་ཅེས་བཤད་པ་རེད།
ཨུ་རུ་སུའི་སྨྱན་སྦྱོར་ཚན་པས་གནས་ཚུལ་བཀོད་པ་གཞིར་བཟུང་། ལོ་37ལ་སོན་པའི་ཁྲིམས་རྩོད་པ་ཤེའར་ཀེ ·མ་ཁེ་ཉི་ཚེ་ཅི་ནི་མ་རྩ་དོ་དམ་ཐེབས་རྩ་ཀུང་སི་ཞིག་གི་ཁྲིམས་རྩོད་པ་ཡིན་པ་དང་ཁྲལ་བྱོལ་གྱི་ནག་ཉེས་ཡོད་པའི་སྐྱོན་འདོན་ཞུ་གཏུག་བྱས་པ་བརྒྱུད་2008ལོར་ཨུ་རུ་སུའི་ཉེན་རྟོག་ཕྱོགས་ཀྱིས་བཀག་ཉར་བྱས་པ་དང་2009ལོའི་ཟླ་11པར་སྙིང་ནད་ཀྱིས་རྐྱེན་པས་བཀག་ཉར་ཁང་ནང་ཤི་བ་རེད། འདི་ལོ་ཟླ་7པར་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་བདེ་ཅུས་དང་ཉེན་རྟོག་སྡེ་ཚན་དང་དེ་བཞིན་བཙོན་སྲུང་ཁང་གི་འབྲེལ་ཡོད་མི་སྣས་མ་ཁེ་ཉི་ཚེ་ཅི་ཤི་བར་འགན་འཁུར་དགོས་པ་མ་ཟད་ཚན་དབྱི་ཡོན་པིན་ཅེ་མིང ·ཁེ་ཏིང་གིས་བཟོས་པའི “མ་ཁེ་ཉི་ཚེ་ཅིའི་མིང་ཐོ ”ཞེས་པར་དཔྱད་གཞི་བྱས་ཏེ་ཨུ་རུ་སུའི་དཔོན་རིགས་60ཨ་རིར་ཡོང་རྒྱུ་བཀག་འགོག་བྱས་པ་རེད་ཅེས་བརྗོད་ཡོད།
འུ་ཁེ་ཧྲེ་ཝུའེ་ཆི་ཡིས་ཨ་རིས་བཟོས་པའི་མིང་ཐོ་ནི་ཆབ་སྲིད་ཐད་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ཅིག་ཡིན་པས་ཨུ་རུ་སུས་ཕྱིར་ལན་མི་བསློགས་པ་མི་སྲིད་ཅེས་བཤད། ཁོང་གིས་གལ་སྲིད་ཝ་ཧྲིང་ཐོན་གྱིས་དེ་དང་འདྲ་བའི་བྱེད་ཐབས་སྤྱད་ཚེ་མོ་སི་ཁོས་རང་ཉིད་ཀྱིས་ཨ་རིའི་མི་སྣ་བཀག་སྡོམ་བྱེད་པའི་མིང་ཐོ་མུ་མཐུད་རྒྱ་ཆེར་གཏོང་རྒྱུ་ཡིན་པའི་ཐ་ཚིག་བསྒྲགས་ནས་བཤད་པ་རེད། ཨུ་རུ་སུའི་ཕྱི་འབྲེལ་དཔོན་ལ་ཕུའུ་ལོ་ཕུའུ་ཡིས་ཚེས་21ཉིན་ཨུ་རུ་སུའི་སྨྱན་སྦྱོར་ཚན་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཨ་རིའི “མ་ཁེ་ཉི་ཚེ་ཅིའི་མིང་ཐོ ”ནི་ཨ་རིས་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ནང་ཁུལ་ལས་དོན་ལ་ཐེ་གཏོགས་བྱས་པ་ཞིག་རེད་ཅེས་བཤད་པ་རེད།