དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།
  • ལེགས་སྐྱོང་ཡིད་དབང་འགུགས་ནུས་ཀྱི་དཔལ་ལ་རོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་འཐུས་མི་ཚོགས་པས།   |     སྤེལ་དུས།  2015-05-15

        མཚན་མོ་གནམ་གྲུར་བསྡད་དེ་ལྟ་ན་སྡུག་པའི་སེང་གེའི་གྲོང་དེར་དལ་བུར་བབས། སིང་ཀ་ཕོར་གྱི 《མཉམ་འབྲེལ་སྔ་དྲོའི་ཚགས་པར 》གྱི་གདན་ཞུས་ལྟར་སྟོན་འགོའི་མཚམས་སུ་མི་དམངས་ཉིན་རེའི་ཚགས་པར་གྱི་འཐུས་མི་ཚོགས་པས་སིང་ཀ་ཕོར་མཛའ་གྲོགས་འཚམས་འདྲི་ཞུས་། ད་རེས་ང་ཚོར་བྱུང་བའི་ཚོར་སྣང་ཟབ་ཤོས་ནི་སིང་ཀ་ཕོར་གྱི་སྤྱི་ཚོགས་དོ་དམ་ཐད་ཀྱི་སྤུས་ཚད་མཐོ་བ་དང་སྣ་མང་རིག་གནས་ཀྱི་མཐུན་སྦྱོར་མཉམ་གནས་དེ་རེད།

        ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱ་རྒྱུར་གཙིགས་ཆེན་བྱེད་པ།

        སིང་ཀ་ཕོར་རླངས་འཁོར་ཉུང་བ་དང་། ལྕང་ཤིང་མང་བ། མི་འབོར་འཚམས་པ། དཔལ་འབྱོར་དར་རྒྱས་ཆེ་བ། དཔོན་རིགས་སྤྱོད་གཙང་ཡིན་པ། སྤྱི་ཚོགས་ཀྱི་བདེ་འཇགས་ལེགས་པ་བཅས་ལ་བརྟེན་མིང་དོན་མཚུངས་པའི་གྲོང་ཡག་པོ་ཞིག་ཡིན་པའི་སྣང་བ་བྱུང་། འོན་ཏེ་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་གོང་དུ་དེ་གའི་དཔལ་འབྱོར་རྗེས་སུ་ལུས་པ་དང་ཁོར་ཡུག་བཙོག་ཟིང་ཞན་གསུམ་གྱི་གླིང་ཆུང་ཞིག་ཡིན་པ་རེད། གོང་དུ་འཕེལ་བའི་གསང་བ་དེ་གང་ཡིན་ནམ། ཉིན་ཤས་རིང་ལྟ་སྐོར་བྱས་པ་ལས་དྲིས་ལན་ཞིབ་ཅིང་ཕྲ་བ་ཞིག་ཪྙེད་དཀའ། འོན་ཏེ་སིང་ཀ་ཕོར་གྱི་ཚན་རིག་དང་མཐུན་པའི་འཐབ་ཇུས་ལམ་སྲོལ་དང་བཀོལ་སྤྱོད་ཐུབ་ལ་ལག་ལེན་དུ་འཁྱོལ་བའི་སྤྱི་པའི་སྲིད་ཇུས་ལས་སྤྱི་ཚོགས་ཀྱི་དོ་དམ་ཡག་པོ་བྱུང་བ་དེ་ནི་དྲིས་ལན་གྱི་ཆ་ཤས་ཤིག་ཡིན་ཤས་ཆེ། སིང་ཀ་ཕོར་ང་ཚོར་ལག་རྩལ་གསར་བརྗེ་ལས་ཤུགས་རྐྱེན་དེ་བས་ཟབ་པ་ཞིག་ནི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ཀྱི་ལམ་སྲོལ་དེ་ཡིན་པ་ཚོར་བྱུང་།

        སྤྱི་ཚོགས་དོ་དམ་ཐད་སིང་ཀ་ཕོར་གྱི་སྤུས་ཚད་མཐོ་བའི་མཚོན་ཚུལ་དེ་ལྷུ་ཚིགས་ཚང་མ་ནས་མངོན་པ་སྟེ། འཆར་འགོད་ཚན་རིག་དང་མཐུན་པ་དང་། ཞིབ་ཕྲའི་སྲིད་ཇུས་ནུས་པ་ཆེ་བ། དམིགས་ཚད་གཅིག་གྱུར་ཡིན་པ། ཁྲིམས་འཛིན་ནན་ཞིང་ཚད་ལྡན་ཡིན་པ། མི་ཚང་མ་འདྲ་མཉམ་ཡིན་པ་བཅས་རེད།

        སིང་ཀ་ཕོར་གྱི་མི་འབོར་དོ་དམ་ཐད་ནས་དེའི་འཆར་འགོད་ཀྱི་ཚན་རིག་རང་བཞིན་མཐོང་ཐུབ། 1949ལོར་སིང་ཀ་ཕོར་སྲིད་གཞུང་གིས་བུ་བཙའ་ཚོད་འཛིན་བྱ་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་བ་དང་ཁྱིམ་ཚང་གི་འཆར་ལྡན་བུ་བཙའི་འཆར་གཞི་གཞི་རྒྱ་ཆེན་པོས་སྐུལ་མ་གཏོང་བའི་དམངས་ཁྲོད་རྩ་འཛུགས —“ཁྱིམ་ཚང་འཆར་གཞིའི་མཐུན་ཚོགས ”ལ་རོགས་དངུལ་ཐོག་ནས་རོགས་རམ་བྱས་ཡོད། 1965ལོའི་ཟླ་བཅུ་གཉིས་པར་སིང་ཀ་ཕོར་གྱི་རྒྱལ་ཁབ་ཀྱིས “ཁྱིམ་ཚང་གི་འཆར་གཞི་དང་མི་འབོར་གྱི་འཆར་ཟིན ”གྲོས་འཆམ་བྱས་པ་དང་དེ་རྗེས་སྲིད་གཞུང་གིས “ཁྱིམ་ཚང་འཆར་གཞི་དང་མི་འབོར་ཅུས ”བཙུགས་པ་དང་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐེག་ནུས་ལ་གཞིགས་ཏེ་མི་འབོར་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཡོད། དུས་རབས་གསར་པ་ཤར་ཚུན་སིང་ཀ་ཕོར་གྱི་མི་འབོར་འཆར་འགོད་ཀྱི་མཚམས་ཚད་ནི་ཁྲི་650རེད། མིག་སྔར་སིང་ཀ་ཕོར་གྱི་སྤྱི་དམངས་དང་གཏན་སྡོད་ཡུལ་མི་ཁྲི་380དང་རྒྱུན་སྡོད་མི་འབོར་ཁྲི་509ཙམ་ཡོད། ཚན་རིག་དང་མཐུན་པའི་མི་འབོར་གྱི་འཆར་འགོད་ལས་རྒྱལ་ཁབ་ཀྱི་ས་ཆ་གུ་དོག་པའི་སིང་ཀ་ཕོར་དེ་མི་འབོར་གྱི་གནད་དོན་ཐག་གཅོད་བྱེད་པའི་གྲུབ་འབྲས་ཐོན་པའི་མིག་དཔེ་ལྟ་བུར་གྱུར་ཡོད།

        སིང་ཀ་ཕོར་དུ་རླངས་འཁོར་ལ་དོ་དམ་བྱེད་པའི་ཐོག་ནས་དེའི་ཞིབ་ཕྲའི་སྲིད་ཇུས་ཀྱི་མཐུན་འགྲིག་རང་བཞིན་མཐོང་ཐུབ། གཞུང་ལམ་དུ་རླངས་འཁོར་འགག་པ་ནི་འཛམ་གླིང་ཐོག་གི་དཀའ་གནད་ཅིག་ཡིན་མོད་འོན་ཏེ་སིང་ཀ་ཕོར་འཚམས་འདྲི་ཞུ་རིང་གི་ཉིན་ཤས་ནང་ང་ཚོར་རླངས་འཁོར་འགག་པའི་སྣང་ཚུལ་གཏན་ནས་འཕྲད་མ་བྱུང་། དེ་ནི་སིང་ཀ་ཕོར་གྱིས་སྤྱི་པའི་འགྲིམ་འགྲུལ་འཕེལ་རྒྱས་ཤུགས་ཆེན་བཏང་བས་རེད། མིག་སྔར་སིང་ཀ་ཕོར་དུ་རིང་ཚད་སྤྱི་ལེ་130ཙམ་གྱི་ས་འོག་ལྕགས་ལམ་ཡོད་པ་དེར་ཁྱོན་བསྡོམས་བབས་ཚུགས་79ཡོད། ཡུལ་མི་ཁྱིམ་ཚང་ནས་ས་འོག་ལྕགས་ལམ་གྱི་བབས་ཚུགས་ལ་རྐང་ཐང་མར་སྐྱོད་སྐབས་སྤྱིར་ན་སྐར་མ་ལྔ་ནས་བཅུ་བར་ལས་འགོར་གྱི་མེད། སིང་ཀ་ཕོར་གྱིས་འཕྲུལ་སྒུལ་རླངས་འཁོར་གྱི་བསྡོམས་འབོར་ལ་ཚོད་འཛིན་ནན་པོ་བྱེད་ཀྱི་ཡོད། དེ་ནི་སྲིད་ཇུས་ཐད་ཀྱི་ཐབས་མང་མཉམ་དུ་སྤྱད་པ་ཞིག་སྟེ། སིང་ཀ་ཕོར་གྱི་རླངས་འཁོར་ཡོངས་རྫོགས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་རླངས་འཁོར་ཉོ་སྒྲུབ་བྱེད་པར་ནང་འདྲེན་བྱེད་པའི་འགག་སྒོའི་དཔྱ་ཁྲལ་དང་ཐོ་འགོད་འགྲོ་གྲོན་ཆེན་པོ་བསྡུ་གི་ཡོད་པས་འཕྲུལ་སྒུལ་འཁོར་རིགས་ཀྱི་རིན་གོང་ཡོངས་ཁྱབ་ངང་མཐོ་བ་དང་རླངས་འཁོར་ཉོ་སྒྲུབ་བྱེད་ཁག་པོ་ཡོད། རླངས་འཁོར་གྱི་འཁོར་རྟགས་ལོ་10རེར་ཐེངས་རེ་བརྗེ་དགོས་པ་དང་རླངས་འཁོར་གྱི་འཁོར་རྟགས་ལོ་10ཡན་བེད་སྤྱད་རྗེས་རྩིས་མེད་དུ་བཏང་ནས་ཡང་བསྐྱར་ཉོ་དགོས་ཀྱི་ཡོད་པས་མིག་སྔར་རླངས་འཁོར་གྱི་འཁོར་རྟགས་སྤྱིར་བཏང་ཞིག་ཉོ་བར་སྤྱིར་ན་སིང་ཀ་ཕོར་གྱི་དངུལ་ལོར་སྒོར་ཁྲི་5(ཨ་སྒོར་1ལ་སིང་ཀ་ཕོར་གྱི་དངུལ་ལོར་སྒོར་1.27གནས་ཀྱི་ཡོད )ཙམ་དགོས་ཀྱི་ཡོད། དེས་ན་སིང་ཀ་ཕོར་གྱི་མི་རེའི་ཆ་སྙོམས་ཟླ་རེའི་ཡོང་འབབ་སིང་ཀ་ཕོར་གྱི་དངུལ་ལོར་སྒོར་4000ཙམ་ལས་མེད། དུས་མཚམས་ཚོད་འཛིན་བྱེད་པའི་རླངས་འཁོར་གྱི་འཁོར་རྟགས་སྤྲོད་པར་སིང་ཀ་ཕོར་དུ་རླངས་འཁོར་གྱི་འཁོར་རྟགས་དམར་པོ་ཞིག་ཡོད་པ་དེ་ནི་རླངས་འཁོར་གཏོང་བའི་དུས་མཚམས་ཚོད་འཛིན་བྱེད་པ་ཞིག་ཡིན་པ་དང་ལས་ཀའི་ཉིན་གྱི་དགོང་མོ་དང་གཟའ་མཇུག་མ་གཏོགས་རླངས་འཁོར་གཏོང་ཆོག་གི་མེད། མིག་སྔའི་བར་སིང་ཀ་ཕོར་དུ་འཕྲུལ་སྒུལ་འཁོར་རིགས་གཞི་རྩའི་ཐོག་བསྡོམས་གྲངས་ཁྲི་89བར་ཚོད་འཛིན་བྱས་པ་དེའི་ནང་མི་སྒེར་གྱིས་སྤྱོད་པའི་རླངས་འཁོར་ཁྲི་50ལྷག་ཙམ་ཡོད་པ་རེད།

        རྒྱུ་མང་རིག་གནས་མཉམ་དུ་གནས་པ།

        སིང་ཀ་ཕོར་ཡང་འཛམ་གླིང་ཐོག་མི་རིགས་མང་ཤོས་དང་ཆོས་དད་སྣ་ཁ་མང་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཞིང་། རྒྱུ་མང་རིག་གནས་མཐུན་སྦྱོར་ངང་མཉམ་གནས་བྱེད་པ་ནི་སིང་ཀ་ཕོར་གྱི་རིག་གནས་ཐོག་གི་ཁྱད་ཆོས་ཆེ་ཤོས་དེ་རེད། དེར་ཀྲུང་གོ་བས་སྤྱིའི་མི་འབོར་གྱི་75%བཟུང་བ་དེ་ཕུད་གཞན་དག་ནི་མ་ལེ་ཞི་ཡ་བ་དང་རྒྱ་གར་བ་སོགས་ཡིན་པ་དང་ཆོས་ལུགས་གཙོ་བོ་ནི་ནང་བསྟན་དང་། ཏའོ་ཅའོ་ཆོས་ལུགས། དབྱི་སི་ལམ་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། ཧིན་རྡུའི་ཆོས་ལུགས་བཅས་རེད། སིང་ཀ་ཕོར་གྱི་ཁྲོམ་གཞུང་དུ་ཤ་མདོག་མི་འདྲ་བ་དང་གྱོན་གོས་མི་འདྲ་བའི་མི་མཐོང་རྒྱུ་ཡོད། སྐད་རིགས་མང་བ་སྟེ། རྒྱ་སྐད་དང་། དབྱིན་སྐད། མ་ལེ་ཞི་ཡའི་སྐད། ཐའེ་མིའར་སྐད་སོགས་ཡོད་པ་དང་འབྲེལ་དེ་མཚུངས་ཀྱི་སྐད་ཡིག་དེ་རིགས་ཀྱི་ཐོག་ནས་པར་སྐྲུན་བྱས་པའི་ཚགས་པར་དང་དུས་དེབ་ཀྱང་ཡོད་པ་རེད།

        སིང་ཀ་ཕོར་གྱིས་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པ་དེ་ཐོག་ནས་རིག་གནས་དེ་རིགས་ཀྱི་རྒྱུ་མང་ཀུན་བསྡུ་དང་མཐུན་སྦྱོར་མཉམ་གནས་ཐུབ་པ་དེ་བས་མངོན་གསལ་དོད་པོའི་ངང་མངོན་ཡོད། དེར་སྐད་གྲགས་ལྡན་པའི་མི་རིགས་འདུས་སྡོད་ཁུལ་དཔེར་ན། ཉིའུ་ཁྲེ་ཧྲུའེ་དང་། རྒྱ་གར་ཆུང་ངུ་། ཀན་པང་ཀེ་ནན་སོགས་རེད། ཉིའུ་ཁྲེ་ཧྲུའེ་ནི་ཀྲུང་གོ་བས་ཐོག་མར་ཕྱི་རྒྱལ་དུ་བསྐྱོད་པའི་གནས་སྤོས་ཡུལ་མིའི་འདུས་སྡོད་ཁུལ་ཡིན་པ་དང་སྐབས་དེ་དུས་རང་འབབ་ཆུ་ཀ་ལ་མེད་པའི་རྐྱེན་གྱིས་མི་ཚོས་གླང་འཐེན་འཁོར་ལོར་བརྟེན་ནས་ཆུ་དབོར་ཏེ་འཚོ་ཐབས་བྱེད་ཀྱི་ཡོད་པས་མིང་དེ་ལྟར་ཐོབ་པ་རེད། ད་ཆ་ཉིའུ་ཁྲེ་ཧྲུའེ་དེ་དར་རྒྱས་ཆེ་བའི་ཚོང་ལས་ཁྲོམ་གཞུང་ཞིག་ཡིན་པ་དང་དེར་བསྐྱོད་སྐབས་རྒྱ་ཡིག་གི་སྒོ་བྱང་དང་ཀྲུང་ལུགས་ཀྱི་ཚོང་ཁང་མང་པོ་ཞིག་ཡོད་པ་མཐོང་དུས་རྒྱལ་ནང་དུ་ལོག་པ་ལྟར་སྣང་། དེས་ན་རྒྱ་གར་ཆུང་ངུ་དེར་གཞན་དང་མི་འདྲ་བའི་ཉམས་འགྱུར་ལྡན་པ་དང་དེ་ནི་སིང་ཀ་ཕོར་དུ་ཡོད་པའི་རྒྱ་གར་གྱི་རིགས་རྒྱུད་རྣམས་འདུས་སྡོད་ཁུལ་རེད། ང་ཚོ་དེར་བསྐྱོད་སྐབས་གཟའ་མཇུག་དང་སྐབས་འཁེལ་བས་རྒྱལ་ཁོངས་རྒྱ་གར་ནས་ཡིན་པའི་སིང་ཀ་ཕོར་གྱི་ངལ་ལས་བཟོ་པས་དེར་ལྟོ་ཟ་བ་དང་། དངོས་པོ་ཉོ་སྒྲུབ་བྱེད་པ། གྲོགས་པོ་དང་མཉམ་དུ་འདུ་འཛོམས་བྱེད་པ་བཅས་ཀྱི་འཁྲུག་ཆ་དོད་ཤོས་ཀྱི་དུས་མཚམས་སུ་སླེབས་པས་མིག་ནང་དུ་ཚོ་དང་ཚོ་སྒྲིག་པའི་རྒྱ་གར་བས་ཁེངས་པ་དང་ཚོང་ཁང་ནང་ལྟ་བས་མི་ངོམས་པའི་རྒྱ་གར་གྱི་ཁྱད་ཆོས་ལྡན་པའི་དངུལ་ཆས་དང་། ཟངས་ཆས། བ་སྤུའི་མེ་ཏོག་ཕྲེང་བ། ལྒ་སེར། དར་སིའི་ཧྲ་ལི་བཅས་མཐོང་བ་དང་རྣ་བར་ཚོང་ཁང་ཁག་གི་སྒྲ་བསྐྱེད་སྒམ་ནས་ཐོན་པའི་ཁྱད་ཆོས་མངོན་གསལ་དོད་པའི་རྒྱ་གར་གྱི་རོལ་དབྱངས་ཐོས་སྐབས་རེ་ཞིག་རྒྱ་གར་དུ་གནས་པ་ལྟར་གྱི་ཚོར་སྣང་སྦྱིན། དེས་ན་ཀན་པང་ཀར་ནན་དུ་སླེབས་སྐབས་དབྱི་སི་ལམ་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དབྱི་སི་ལམ་གྱི་ཕྱག་ཁང་དང་སྐྲུན་དངོས་དང་ད་དུང་གནས་མཇལ་མཁོ་ཆས་མང་པོ་མཐོང་རྒྱུ་ཡོད་པས་ཁྱེད་དབྱི་སི་ལམ་རྒྱལ་ཁབ་ཏུ་སླེབས་པའི་ཚོར་སྣང་ཞིག་རང་ཤུགས་ངང་འབྱུང་ངེས་རེད།

        དེ་དག་ནི་སིང་ཀ་ཕོར་གྱི་རྒྱུ་མང་གི་མི་རིགས་རིག་གནས་ཀྱི་བསྡུས་རིས་ཙམ་ཞིག་རེད། མི་རིགས་མི་འདྲ་བ་དང་ཆོས་དད་ཀྱང་མི་འདྲ་བའི་མི་རྣམས་དེར་མཐུན་སྦྱོར་ངང་མཉམ་གནས་བྱེད་པ་དང་ཁོང་ཚོས་རང་ཉིད་ཀྱི་ལྷར་དད་པ་བྱེད་པ་མ་ཟད་མི་གཞན་གྱི་ཆོས་དད་ལའང་བརྩི་འཇོག་བྱེད་པས་ཕན་ཚུན་ཞི་བདེ་མཉམ་གནས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།